གཉིད་ཡུན་གཅིག


༄། ། གཉིད་ནི་རང་བཞིན་ཡིན་པ་དང་དེ་ལས་མཆེད་པའི་རྨི་ལམ་ནི་སྒྱུ་འཕྲུལ་གྱི་གར་སྟབས་ཤིག་ཡིན་པ་སྨོས་མི་དགོས། བདེ་སྣང་གི་གཉིད་ཀྱི་ཡུན་ཞིག་གི་ནང་། ལྷ་སྒྲུང་མཁན་པོ་སུས་ཀྱང་འགྲན་མི་ནུས་པའི་ཡ་མཚར་བརྗོད་ལས་འདས་པའི་གཏམ་སྒྲུང་རིང་མོ་ཞིག་རང་རང་སོ་སོའི་བློ་ངོར་འབད་མེད་ལྷུན་གྱིས་བསྐྲུན་ཐུབ་པ་དང། ཐབས་མཁས་རང་བཞིན་གྱིས་རང་ཉིད་ཀྱིས་རང་ཉིད་རྨོངས་པའི་ཁར་སྐབས་གསུམ་གནས་ལ་འགྲན་བཟོད་པའི་ཡུལ་ལྗོངས་དང་དེའི་དབུས་ན་གཞལ་ཡས་ཁང་བཟང་། མཐའ་ན་ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་མུ་འཁྱུད་ས་འཛིན་མཁའ་ལ་བསྙེགས་འདྲའི་འདྲེན་བྱེད་ཟུང་གི་སྤྱོད་ཡུལ་དུ་འགྱུར་བ། འཁོར་ར་ཁོར་ཡུག་ཏུ་ཡིད་འོང་ཟབ་མཆོར་གྱོན་པའི་སྐྱེ་བོའི་འདུ་འཛིའི་ཁྲོད་ན་སྔར་མཐོང་མ་མྱོང་བ་རྣམས་མཐོང་ཆོས་སུ་འགྱུར་བས་མིག་གི་བདུད་རྩིའི་དཔལ་ལགས།

སྐབས་འགར་གནས་དེ་ན་རང་ཉིད་ཨ་ཕོ་གེ་སར་ཡིན་ཁུལ་གྱིས་དྲན་སྣང་གི་གཏམ་རྒྱུད་རིང་མོ་ཞིག་གི་མི་སྣར་གྱུར་ནས། ས་སྟེང་ཡོངས་ན་དཔའ་རྩལ་གྱི་གྲགས་པ་རྔ་བོ་ཆེ་ཕྱོགས་བརྒྱར་ལྡིར་བ་སོགས་ཀྱི་འཕྲིན་ལས་བསྐྱངས་པའི་ཟོལ་བྱེད།

འོན་ཀྱང་སྐབས་རེ་བྱིའུ་ཆུང་ཐང་ལ་ལྷུངས་པ་ལྟར་རང་ཉིད་གཅིག་པུ་མུན་ནག་དང་ནགས་གསེབ་ཏུ་ལུས་ཤིང་། གདོན་ནམ་འགྲེལ་བརྗོད་བྱེད་པར་དཀའ་བའི་གདོན་གཟུགས་ག་གེ་མོ་ཞིག་གིས་རང་ཉིད་གསོད་གྲབས་བྱེད་པའམ་རྗེས་འདེད་བྱེད་པར་ཡོང་བ་ལྟ་བུའི་འཇིགས་གཡེར་དགོས་པ་དང་སྙིང་རྩ་འཕར་བཞིན་ལུས་ཀྱི་རྔུལ་ཆུ་ཤོར་བ་དེ་འདྲ་ཡང་རྨིས་ཤིང་། གཉིད་ཀྱི་བུ་ག་ལས་ཆད་དུས་དེ་དག་ཐམས་ཅད་འཁྲུལ་སྣང་ཞིག་གི་རང་བཞིན་ལས་མ་འདས། གང་ལྟར་ཡང་གུས་པར་ཆ་མཚོན་ན་རྨི་ལམ་ནི་ངོ་མཚར་ལྡན་པ་དང་མཐོང་ཆོས་དང་མྱོང་བ་བརྒྱུད་པའི་དྲན་འཛིན་གྱི་རི་མོ་རེ་རེ་ནི་རྟོགས་བརྗོད་ཀྱི་ཤེས་རབ་སྟེར་ནུས་པའི་བྱེད་པོ་ཉིད། དེར་བརྟེན་དེ་དག་ཐམས་ཅད་བརྩམས་ཆོས་ཁྱད་པར་བའི་གཟུངས་ཤུགས་སུ་ངོ་བོ་དབྱེར་མེད་དུ་བཀོད་ཆོག་སྙམ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *