Posts

Showing posts from May, 2012

མུན་པའི་ཁྲོད་ཀྱི་རྣམ་ཤེས།

Image
དེ་རིང་ལས་མཚམས་བཞག་པ་དང་འཕྲལ་དུ་རང་གི་མལ་ཁང་དུ་ལོགས། ས་གཞི་ཐམས་ཅད་མུན་པས་རབ་ཏུ་བཅོམ་ནས་རང་ཉིད་ཀྱི་གོམ་པའི་འདེགས་འཇོག་ཀྱང་ཚོད་མ་ཟིན་པ་ལྟར་ཁྱར་རེ་ཁྱོར་རེར་འགྱུར། སྒོ་ཁར་བརྒྱབ་པའི་རྒྱ་མིའི་སྒོ་ལྕགས་དེའང་ཁ་མ་གྲོལ་བར་ཡུད་ཙམ་ལུས།
“བལྟས་ངན་སྒོ་ལྕགས་དེའང་འབྱེད་ཁག་པ་ལ་ཨང་”
ནང་ལ་འཛུལ་བ་དང་དབྱར་ཀྱི་ཚ་དྲོད་ཀྱིས་མལ་ཁང་དེའང་ཐབ་ཀྱི་སྟེང་དུ་བཞག་པའི་སླང་ང་ཚ་པོ་ཞིག་དང་འདྲ་བ་ཚ་རླབས་ཀྱིས་བརྒྱས་འདུག
“ཋག ཊག་ ཋག ཊག”
“འོ་ ད་ཡི་ན་གློག་དེ་ཡང་མི་འདུག”
མི་འགྱེལ་བའི་སྒང་ལ་རྡོག་བརྫིས་ཞེས་པའི་དཔེ་ལྟར། ཁེར་རྐྱང་དུ་ལྷག་པའི་དེ་རིང་གི་མི་ངར་མཉས་བཅོས་བྱེད་པ་དང་ཅིས་མི་མཚུངས། “ཧེའོ་” དེ་ལྟར་སེམས་པ་ཡང་ལྷང་ལྷང་པོར་འགྱུར་བ་དང་། ཉལ་ཁྲིའི་ཐོག་ཏོག་ཙམ་གན་རྐྱལ་ལོག་ནས་བསྡད།
ཁེར་རྐྱང་གི་འཚོ་བ་ནི་ཇི་འདྲའི་ཡུད་པོ་ཞིག་ཡིན་པ་དེ་རིང་གཞི་ནས་ཚོར། རང་གཟུགས་མི་མངོན་པའི་མུན་པའི་དབུས་སུ་རང་ཉིད་ཀྱི་རྣམ་ཤེས་ཁོ་ན་ལས་མེད་པ་ཤེས། ཁ་སང་གི་སྣང་བ་སྐྱིད་པའི་སྒྲུང་གཏམ་དག་ལ་དྲན་གསོ་ཞིག་བྱས་རྗེས་། ཕུགས་འདུན་ལ་འོད་ཟེར་ཞིག་འཆར་བའི་སྨོན་འདེབས་གཅིག་བྱས།

བླ་མ་ཁོང་སུ་རེད།

Image
༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་དཔར་འདི་མཐོང་རིམ་བཞིན་མ་བཅོས་དད་པའི་མཚོ་མོ་གཡོ་བ་དང་དུས་མཚུངས་ལྷ་སར་ང་རང་ལོ་བརྒྱད་སོན་པའི་སྐབས་ཀྱི་གནས་ཚུལ་ཆུང་ཆུང་དེ་ཝ་ལེར་འཆར་བྱུང།
ཉིན་ཞིག་མཆོད་གཤོམ་གྱི་སྟེང་དུ་ཞྭ་གསེར་གྱོན་པའི་བླ་མ་གཅིག་གི་འདྲ་དཔར་མཐོང་མ་ཐག “ ཨ་མ་ལགས་བླ་མ་ཁོང་སུ་རེད། ” ཅེས་ནམ་རྒྱུན་ལྟར་འདྲི་རྒྱུ་མང་བའི་སྐད་ཆ་ཞིག་དྲིས་བར་ཐལ། དུས་རྒྱུན་ཨ་མ་ལགས་ཀྱི་སྐད་ཆ་ཆོ་མིན་འདུག་སྙམ་ན་ལན་ཡང་ཡག་པོ་རང་མ་སྐྱོན་པའི་ཁར་དྲི་བ་མང་པོ་བསྐུལ་ན་ཨ་མ་ལགས་ཁོང་མགོ་ན་གི་འདུག་ཅེས་ཀུ་རེ་རྩེད་ཀྱི་རེད། འོན་ཀྱང་ད་རེས་རྣམ་ཀུན་དང་ནམ་ཡང་མི་འདྲ་བར། ངའི་དྲི་བ་དེར་ཨ་མ་ལགས་ལ་མནོ་བསམ་ཞིག་བཏང་དགོས་འཁེལ་བ་འདྲ། ཨ་མ་ལགས་ཀྱིས་ཞལ་འཛུམ་ཞིག་གནང་བ་དང་སྦྲགས་ང་ཁོང་གི་པང་ཁར་སྟེགས་བྱུང་། མཆོད་གཤོམ་ནས་སྐུ་དཔར་དེ་དལ་བུས་མར་ལེན་ཏེ་
ང་ཡི་མགོ་བོའི་སྟེང་གཅིག་བཞག དེ་ནས་སྐུ་དཔར་དེར་གཏད་དེ། “ འདི་ནི་སྐྱབས་མགོན་ཡིད་བཞིན་ནོར་བུ་རེད། བླ་མ་ཧ་ཅང་རྩ་ཆེན་པོ་རེད་དཱ།” ཞེས་ལན་བཏབས་རྗེས་ཁ་ཁུ་སིམ་པར་འགྱུར་སོང་།

ཆུ་རྐྱལ་བརྒྱབ་ཏུ་སོང་བ།

Image
ཉིན་རྒྱབ་ཀྱི་ཚ་དྲོད་ནི་ཧ་ཅང་ཆེ་བས་སཱ་ར་རིག་ལམ་སློབ་མཉེར་ཁང་གི་འཁོར་ར་ཁོར་ཡུག་ནི་མི་མེད་ལུང་སྟོང་འདྲ་བ་དབེན་ཐེང་ངེར་ལྷག་འདུག དེ་རིང་གཟའ་ཉི་མ་ཡིན་པས་ཚང་མ་ཚ་སྡུག་གི་སྡུག་བསྔལ་ལས་དུས་ཡུན་འཕྲན་བུ་ངལ་གསོ་རག་ཐབས་སུ་དང་དྷ་རམ་ལར་རྒྱལ་ཡུམ་ཆེན་མོ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་པོ་དེ་རྡ་སྟེང་བོད་ཁྱིམ་དུ་འཁེལ་བས་གཏན་གཏན་དེར་ཕྱིན་པ་རེད། རེད་དེ་ག་རང་རེད། གོ་ཐོས་ལྟར་ན་རྒྱ་གར་རྐང་རྩེད་སྤོ་ལོ་མཁས་པ་བྷི་ཆུང་བྷོཊ་ཡང་ཡོང་རྒྱུ་རེད་ཟེར། མི་ཚོ་ཧང་སང་སང་བྱེད་དེ་ད་རང་སྔ་དྲོ་ནས་ཐོན་ཟིན་པ་རེད་འདུག འོན་ཀྱང་སྡོད་ཁང་གྲུ་བཞིའི་ནང་དུ་རྟ་འགྲིན་དང་། འཕྲིན་ལས། དེ་བཞིན་སྲས་ཆུང་གསུམ་ཉིན་དགུང་བར་གང་དུའང་མ་ཕྱིན་པའི་ཁར་རྟ་འགྲིན་གྱི་ཉལ་ཁང་གྲུ་བཞི་དེ་ལས་དོན་ཅི་ཞིག་གི་ཐོག་རྩོད་པ་བརྒྱག་གིན་ཡོད་པ་ལྟར་སྐད་སྒྲ་ཞིག་ཕྱིར་ལྷང་ལྷང་དུ་གྲགས་ཡོང་བ་ནི་གཞན་གྱི་རྟོགས་དཀའ་བ་ཞིག་ཡིན། དོན་དངོས་ཐོག་

ལིའུ་གསུམ་པ།༽ ཕ་མ་དངོས་གནས་དང་འཕྲད་པ།

Image
ཞོགས་ཇ་བསྒྲུབས་རྗེས་ང་རང་གཅིག་པོ་སྒོ་རྭའི་མདུན་དུ་རྩེད་མོ་རྩེ་བཞིན་པའི་ཉིན་གཅིག་པཱ་ལགས་ཀྱིས་ང་ཁོང་གི་འཁྲིས་སུ་སྐད་བཏང་བྱུང། པཱ་ལགས་ཀྱིས་ཁོང་གི་ཕྱག་ངའི་མགོ་བོའི་ཐོག་འཇུག་འཇུག་བྱེད་ཀྱིན། “ བུ་རང་གི་ཕ་མ་དངོས་གནས་ད་ལྟ་ལྷ་ས་ལ་ཡོད་རེད། ཁོང་གཉིས་པོས་རང་ཞེ་དྲག་དྲན་གྱི་འདུག མར་མགྱོགས་པོ་ལྷ་སར་བཏང་རོགས་གསུང་གི་འདུག བྱས་ཙང་སང་ཉིན་ང་གཉིས་ལྷ་ས་ལ་འགྲོ་དགོས་ ” ཞེས་གློ་བུར་དུ་ལབ་བྱུང། དེ་གོ་བ་དང་ང་ནི་ཅི་བཤད་དེ་བཤད་མེད་པར་རྨོངས་པ་ལྟ་བུས་ “ཕ་མ་དངོས་གནས་” ཞེས་སེམས་བསམ་པའི་དྲི་བ་ཁ་ནས་འཐོན་ཤོར་སོང་།
པཱ་ལགས་ཀྱིས་ངའི་སེམས་ནང་གི་དྲི་བའི་རྦ་རླབས་འཁྲུག་པ་ཤེས་པ་འདྲ། འོན་ཀྱང་འགྲེལ་བཤད་ཚིག་གཅིག་མེད་ཁར་ཇི་མི་སྙམ་པར་ཁ་ནས་མ་ཎི་འདོན་འགོ་བཙུགས་པ་དང། ལག་པའི་འཕྲེང་ང་དེའང་མཉམ་དུ་འདེད། ཕལ་ཆེར་ལྷ་སར་སླེབས་སོང་ན་རང་གས་ཚང་མ་ཧ་གོ་འགྲོ་གི་རེད་ཟེར་བ་ལྟ་བུ་འཚོར་བྱུང།

ལིའུ་གཉིས་པ།༽ ལག་པའི་རྨ་ཤུལ།

Image
ཉིན་གཅིག་རི་མགོ་ནས་ཤོད་ཀྱི་ས་ཆ་ལ་བལྟ་དུས་ཁང་པ་མང་པོ་དང་དང་སྣུམ་སྣག་གི་རྒྱ་ལམ་ཐོག་མོ་ཊ་མང་པོ་བར་མཚམས་མེད་པ་རྒྱུ་བ་མཐོང། དེ་མཐོང་བ་དང་ངའི་རྐང་པའི་འདེགས་འཇོག་ཡང་རང་དབང་མེད་པར་རི་གཤམ་གྱི་གྲོང་ཁྱེར་ངོས་སུ་ཤོར་འགོ་བཙུགས་སོང་། རི་ལས་འབབ་དུས་ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་གྱི་འདུག ཡིན་ནའི་དེ་དུས་སྣང་བ་སྐྱིད་པོ་ཞེ་དྲག་འདུག གང་ལ་ཞེ་ན། རྒྱལ་སའི་རྣམ་པ་ནི་རི་མགོའི་འཚོ་བ་དང་ཧ་ཅང་ཐ་དད་ཞིག་ཏུ་སྣང་བ་དང། གྲོང་ཁྱེར་ནང་མྱུལ་བའི་སྐབས་དེ་སྔོན་མཐོང་མ་མྱོང་བའི་ས་ཆ་དང་། ཅ་དངོས་ཡ་མཚར་ཅན། ཟ་ཁང་དང་ཇ་ཁང་གློག་བརྙན་ཁང། དེ་བཞིན་
ཐོག་བརྩེགས་ཅན་གྱི་ཚོང་ཁང་དང། འཁོད་སྙོམས་པའི་ལམ་ཁ་དང། ཆས་གོས་དང་མི་རིགས་འདྲ་མིན་འདུས་པའི་མི་ཚོགས་སོགས་མིག་ངོར་འདྲ་མིན་མཐོང་རྒྱུ་འདུག

ལིའུ་དང་པོ།༽ རྩེད་རོགས་མེད་པའི་བྱིས་དུས།

Image
ང་རང་འཇིག་རྟེན་དེའི་ཐོག་ཇི་ལྟར་སླེབས་མིན་དང་སླེབས་རྗེས་ཀྱི་ལོ་གཅིག་གཉིས་ཀྱི་སྐབས་ཀྱི་གནས་ཚུལ་གང་ཡང་གསལ་པོ་དྲན་གྱི་མི་འདུག ང་རང་གིས་དྲན་གསོས་པའི་གནས་ཚུལ་ཕལ་ཆེ་བ་ལོ་བཞི་ལྔ་སྐབས་སུ་ཡིན་ས་རེད། དེ་དུས་ང་ཀོང་པོའི་ལུང་པའི་རི་སྟེང་གི་དུད་ཚང་ཞིག་གི་ནང་བུ་ཆུང་ཤོས་ལྟ་བུ་རེད་འདུག ང་ལ་དམིགས་བསལ་ལས་ཀ་གང་ཡང་མེད་ཁར་རྩེད་མོ་དང་འཁྱམ་ཡས་ཁོ་ནས་དུས་འདའ་བར་བྱེད་ཀྱི་ཡོད། དེའི་སྐབས་ང་ཚོའི་ཁྱིམ་མཚེས་ཟེར་ནའི་རྒྱང་ཐག་ཀི་ལོ་མི་ཊར་གཅིག་ཙམ་ས་ལ་ཡོད་པས། རང་ཉིད་ལ་རྩེད་རོགས་སོགས་སུ་གཅིག་ཀྱང་མེད། ནང་མི་ཚང་མ་མི་རྒན་པ་རྐྱང་རྐྱང་རེད།

རྡ་སའི་སྲིན་བྱ།

Image
རྡ་སའི་སྲིན་བྱས་ཚོས། ཨ་ཁུ་བྱི་ལི་གཏམ་རྒྱུད་སྐྱོང་ཞིང་། ཁྱི་རྒན་ཕྲད་སྐབས་ཀུ་རེའི་ཚུལ་དང། གསར་གཏོད་ཀྱི་ཁུ་བྱུག་ཕྲད་སྐབས། སང་ཉིན་དང་སང་ཉིན་གྱི་ཨ་ཕོར་བརྡ་མོ་འཕེན་བཞིན་འདུག། རྡ་སའི་སྐྱག་ཚང་གི་གྱང་རོ་ཡོད་ཚད། སྲིན་བྱ་ཚོའི་དྲོ་སྐྱིད་ཀྱི་མལ་ཁང་ཡིན་ཞིང་། ལེ་ལོའི་སྐྱིད་ཉལ་ལ་གོམས་པས། ཉམས་རྒུད་ཀྱི་རྫ་ངའི་སྒྲ་དེ་མ་ཐོས་སམ། རྡ་ས་དང་ལྷ་ས། སྲིན་བྱ་དང་སྐུ་དྲག

དབྱར་རྔ།

Image
སླར་ཡང་ང་ཡི་འདྲེན་བྱེད་མེ་ལོང་གི་ངོས་སུ་མཚར་སྡུག་རྣམ་དཔར་བཀྲ་བའི་ལྗང་བུའི་ཡོ་ལངས་དང་དཀར་དམར་གསེར་གསུམ་ཅི་འོས་ཀྱི་མེ་ཏོག་ཆུན་པོ་ཡིས་ཡིད་ཀྱི་དགའ་བ་མ་ལུས་མཚོན་པའི་གཟི་འོད་སྤྲོས་ཏེ་བདག་གི་གཏན་པ་དབང་མེད་དུ་འཕྲོག།

བདག་གི་བཤེས་གཉེན་དམ་པ་ཡང་ལྗག་མདོག་ཀྱི་ནེའུ་གསེང་གི་གཤིས་རྒྱུད་འཛིན་ཞིང་དབྱངས་གསལ་སོ་བཞིའི་གཟི་འཕྲེང་བདག་གི་མགུལ་དུ་གཡོག་སྟེ་ཤེས་བྱའི་མེ་ཏོག་སྣ་མང་འབུད་པའི་སྤོབས་པ་ཞིག་སྟེར་བྱུང།
སྔོན་བསགས་དགེ་ལེགས་ལེགས་ཚོགས་ཀྱི་མཐུས་ཁྱེད་ཉིད་བཤེས་གཉེན་དུ་བསྟེན་རྒྱུའི་བྱུང་བ་ནི་སྐལ་བཟང་སྐལ་བཟང་གི་གོ་སྐལ་ལོའོ།
ཆུང་དུས་ཡི་གེ་དང་པོ་སློབ་མཁན་བཤེས་གཉེན་དམ་པ་རྒན་དོན་གྲུབ་ཚེ་རིང་དྲན་བཞིན་བྲིས་པའོ།

ཨ་ཁུ་ལགས།

Image
༄། །ཨ་ཁུ་ལགས། ཁྱོད་ཀྱི་སྲན་མ་ལྟ་བུའི་ལུས་ཕུང་གི་སྒྲུབ་ཆ་ནི་དེ་འདྲའི་ལྟ་མི་སྡུག་པ་ལ་ཨང། མིག་བརྒྱད་ཅན། སྟོད་ཕྲ་བ། སྨད་གྲོད་པ་ཆེ་བ། ལྕུག་ཕྲན་བཞིན་དུ་ཡན་ལག་བརྒྱད་པོ་རིང་དུ་རྐྱོང་བ། འགྲོ་བའི་ཚེ་ན་ཆུ་ཤེལ་དར་ལ་གར་སྟབས་བྱེད་པ། ཁྱོད་མཐོང་བའི་མོད་ལ་ཞེད་སྣང་དང་བསུན་སྣང་ཟུང་དུ་བསྡེབས་ཏེ་འོང་བས་ཇི་སྲིད་ཁྱོད་ལེ་དབར་ཁ་ཤས་ས་ལ་མ་བསྐྲད་བར་དེ་སྲིད་དུ་ང་དང་བཟའ་མི་གཉིས་པོ་ལྷོད་དལ་གནས་བཟོད་མི་བདེ་བ་འདུག དེར་བརྟེན་ང་ཡི་འདྲེན་བྱེད་རྙི་ཞགས་ཀྱི་འོག་ནས་ཁྱོད་ལན་རེར་མཐོང་བ་དང། ངས་ཐབས་བརྒྱ་འཇུས་སྟོང་གི་སྒོ་ནས་ཁྱོད་དང་ཁྱོད་ཀྱི་ཁྱིམ་ཚང་གཏོར་བའམ་ཁྱོད་དང་ཁྱོད་ཀྱི་བུ་ཕྲུག་ཁ་འབྲལ་དགོས་པའི་བྱ་ངན་གྱི་སྡིག་ལས་བརྩམས་དགོས་བྱུང་།

ཁྱོད་ནི་དེ་ལས་ལྡོག་སྟེ། ཤ་འཁོན་གྱི་མེ་ལྕེ་རབ་ཏུ་འབར་བཞིན་ང་ཡི་སྙིང་རྗེ་ལག་ངར་འདྲ་བ་དེ་ཡང་རྨེག་མེད་དུ་གཏོང་སླད་སླར་ཡང་ང་ཡི་མདུན་དུ་མཆིས། གལ་ཏེ་ཁྱོད་གནས་དེར་དགའ་སྐྱོ་འདྲེས་མའི་འདས་སོང་གི་ལོ་རྒྱུས་དག་ལ་ཞེན་ཏེ་རང་གི་ཁུང་བུའི་ནང་རོ་ཉལ་བརྒྱབ་ནས་སྡོད་ན་འགྲིགས་ཀྱང་འགྲིགས་ལ། ངས་ཀྱང་ཨ་ཁ་བསམ་པའི་གདུང་བ་བྱེད་སྲིད། འོན་ཀྱང་ཁྱོད་ནི་བསམ་ཤེས་མེད་ཁར་ངེད་ཀྱི་ཆུང་མའི་འབབ་ཆུ་བཞིན་དུ་ལྷོད་པའི་ནག་སྐྲའི་ལྕང་ལོར་ཁྱུད་དེ་མོ…