ལིའུ་གཉིས་པ།༽ ལག་པའི་རྨ་ཤུལ།


ཉིན་གཅིག་རི་མགོ་ནས་ཤོད་ཀྱི་ས་ཆ་ལ་བལྟ་དུས་ཁང་པ་མང་པོ་དང་དང་སྣུམ་སྣག་གི་རྒྱ་ལམ་ཐོག་མོ་ཊ་མང་པོ་བར་མཚམས་མེད་པ་རྒྱུ་བ་མཐོང། དེ་མཐོང་བ་དང་ངའི་རྐང་པའི་འདེགས་འཇོག་ཡང་རང་དབང་མེད་པར་རི་གཤམ་གྱི་གྲོང་ཁྱེར་ངོས་སུ་ཤོར་འགོ་བཙུགས་སོང་། རི་ལས་འབབ་དུས་ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་གྱི་འདུག ཡིན་ནའི་དེ་དུས་སྣང་བ་སྐྱིད་པོ་ཞེ་དྲག་འདུག གང་ལ་ཞེ་ན། རྒྱལ་སའི་རྣམ་པ་ནི་རི་མགོའི་འཚོ་བ་དང་ཧ་ཅང་ཐ་དད་ཞིག་ཏུ་སྣང་བ་དང། གྲོང་ཁྱེར་ནང་མྱུལ་བའི་སྐབས་དེ་སྔོན་མཐོང་མ་མྱོང་བའི་ས་ཆ་དང་། ཅ་དངོས་ཡ་མཚར་ཅན། ཟ་ཁང་དང་ཇ་ཁང་གློག་བརྙན་ཁང། དེ་བཞིན་
ཐོག་བརྩེགས་ཅན་གྱི་ཚོང་ཁང་དང། འཁོད་སྙོམས་པའི་ལམ་ཁ་དང། ཆས་གོས་དང་མི་རིགས་འདྲ་མིན་འདུས་པའི་མི་ཚོགས་སོགས་མིག་ངོར་འདྲ་མིན་མཐོང་རྒྱུ་འདུག

ང་རི་གཤམ་དུ་མྱུལ་བའི་གནས་ཚུལ་དེ་ཉིན་ཞིག་ཨ་ཅག་ཆུང་ཤོས་དཔལ་མོས་ཤེས་འདུག ཨ་ཅག་གི་ངོ་གདོང་ནི་གོར་གོར་ཆུང་ཆུང་དང། གཟུགས་པོ་ཡང་སྤུན་མཆེད་ཚང་མའི་ནང་ནས་ཆུང་ཤོས་རེད། ཨ་ཅག་དཔལ་མོ་ལོ་བཅོ་བརྒྱད་ཙམ་རེད། ཅོ་ཅོ་དང་ཨ་ཅག་གཞན་པ་ཚོ་དང་མ་འདྲ་བ་ནམ་རྒྱུན་ནས་ང་ལ་དེ་ཙམ་ཁ་ཡ་བྱེད་ཀྱི་མ་རེད། ཨ་ཅགདཔལ་མོས་གནས་ཚུལ་དེ་ང་གཉིས་བར་གྱི་གསང་བ་ལྟ་བུ་ཉར་རོགས་བྱས་ཀྱང། དེ་ནས་བཟུང་ཨ་ཅག་དཔལ་མོས་ང་ལ་ཡག་པོ་མ་བྱེད་པའི་ཁར་ཡང་ཡང་གྲོང་ཁྱེར་དུ་ཕྱིན་ནས་ཐ་མག་སློང་ནས་ཡོང་དགོས་རྒྱུའི་སྡིགས་ར་སྐུལ་འགོ་བཙུགས་སོང། ངས་ཨ་ཅག་དཔལ་མོ་ཐ་མག་འཐེན་གྱི་ཡོད་པ་དེ་དུས་གཞི་ནས་ཤེས་བྱུང།

དེ་ནས་བཟུང་ང་གྲོང་ཁྱེར་དུ་འགྲོ་རྒྱུ་ནི་འཁྱམ་འཁྱམ་མ་ཡིན་པར། ཨ་ཅག་གིས་བཙན་སྐུལ་ལྟར་མིའི་ས་ནས་ཐ་མག་སློང་དུ་འགྲོ་དགོས་བྱུང། ཉིན་དགུང་ཁ་ལག་མ་རག་དུས་ལྟོགས་དྲགས་ནས་ཟ་ཁང་ནང་མིས་བཞག་པའི་ཐུག་ལྷག་བཏུང་དགོས་པ་ཡང་ཡང་བྱུང། སྐབས་རེ་ཐ་མག་མང་པོ་རགས་དུས་ཁ་ཤས་ཤིག་ཨ་ཅག་ལ་ཉར་བ་མ་གཏོགས་གཞན་རྣམས་ང་རས་ཀྱང་འཐེན་འགོ་བཙུགས། སྐབས་རེ་ཐ་མག་གཅིག་ཀྱང་མ་རགས་པར་ལོགས་ཡོང་ན་ཨ་ཅག་དཔལ་མོས་ང་ལ་ཤ་བཅུས་བརྒྱག་གིན་བརྒྱག་གིན་རྡུང་གི་རེད། ང་རང་དེ་དུས་ཨ་ཅག་དཔལ་མོ་ལ་ཧ་ཅང་ཞེད་ནས་ནང་མི་སུ་གང་ལའང་བཤད་ནུས་མ་བྱུང། བཤད་མ་ནུས་པའི་རྒྱུ་མཚན་གཞན་ཞིག་ནི་ང་གྲོང་ཁྱེར་དུ་འཁྱམ་མྱུལ་དུ་ཕྱིན་པའི་སྐོར་དེ་ཕ་མས་མ་ཤེས་ན་བསམ་པ་དེའང་རེད། དེ་ལྟར་བྱས་ཏེ་དུས་ཡུན་གང་མཚམས་ཕྱིན་སོང།

ཉིན་གཅིག་ཐ་མག་གཅིག་ཀྱང་མ་རགས་པར་ནང་ལ་ལོག་ཡོང་དུས་ནང་ལ་ཨ་ཅག་དཔལ་མོ་གཅིག་པོ་ལས་ནང་མི་གཞན་སུ་ཡང་མི་འདུག ཨ་ཅག་ཧ་ཅང་ཁྲོས་ནས་ཐབ་ནང་ནས་མེ་རོ་ཞིག་ལེན་ནས་ངའི་ལག་པའི་སྒང་ལ་བཙུགས་བྱུང། ངའི་ལག་པའི་སྒག་གི་ཟུབ་ཐབས་མེད་པའི་རྨ་རྗེས་དེས་ངའི་དྲན་འཛིན་གྱི་ཀློང་ན་ཆུང་དུས་ཀྱི་རྨ་ཁ་ཞིག་ཀྱང་ཨ་ཅག་དཔལ་མོས་བཞག་བྱུང།

ཞོགས་ཇ་ཚར་རྗེས་སྒོ་རེའི་ནང་རྩེད་མོ་རྩེ་བཞིན་པའི་ཉིན་གཅིག་པཱ་ལགས་ཀྱིས་ང་ཁོང་གི་འཁྲིས་སུ་སྐད་བཏང་ནས་སང་ཉིན་ལྷ་སར་ཕ་མ་དངོས་གནས་ཐུག་ཏུ་འགྲོ་དགོས་གསུངས་བྱུང། “ ཕ་མ་དངོས་གནས་ ” ངས་གོ་ནོར་ཐེབས་པ་མིན་ནམ། མུ་འགོད།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག