ལིའུ་གསུམ་པ།༽ ཕ་མ་དངོས་གནས་དང་འཕྲད་པ།


ཞོགས་ཇ་བསྒྲུབས་རྗེས་ང་རང་གཅིག་པོ་སྒོ་རྭའི་མདུན་དུ་རྩེད་མོ་རྩེ་བཞིན་པའི་ཉིན་གཅིག་པཱ་ལགས་ཀྱིས་ང་ཁོང་གི་འཁྲིས་སུ་སྐད་བཏང་བྱུང། པཱ་ལགས་ཀྱིས་ཁོང་གི་ཕྱག་ངའི་མགོ་བོའི་ཐོག་འཇུག་འཇུག་བྱེད་ཀྱིན། “ བུ་རང་གི་ཕ་མ་དངོས་གནས་ད་ལྟ་ལྷ་ས་ལ་ཡོད་རེད། ཁོང་གཉིས་པོས་རང་ཞེ་དྲག་དྲན་གྱི་འདུག མར་མགྱོགས་པོ་ལྷ་སར་བཏང་རོགས་གསུང་གི་འདུག བྱས་ཙང་སང་ཉིན་ང་གཉིས་ལྷ་ས་ལ་འགྲོ་དགོས་ ” ཞེས་གློ་བུར་དུ་ལབ་བྱུང། དེ་གོ་བ་དང་ང་ནི་ཅི་བཤད་དེ་བཤད་མེད་པར་རྨོངས་པ་ལྟ་བུས་ “ཕ་མ་དངོས་གནས་” ཞེས་སེམས་བསམ་པའི་དྲི་བ་ཁ་ནས་འཐོན་ཤོར་སོང་།
པཱ་ལགས་ཀྱིས་ངའི་སེམས་ནང་གི་དྲི་བའི་རྦ་རླབས་འཁྲུག་པ་ཤེས་པ་འདྲ། འོན་ཀྱང་འགྲེལ་བཤད་ཚིག་གཅིག་མེད་ཁར་ཇི་མི་སྙམ་པར་ཁ་ནས་མ་ཎི་འདོན་འགོ་བཙུགས་པ་དང། ལག་པའི་འཕྲེང་ང་དེའང་མཉམ་དུ་འདེད། ཕལ་ཆེར་ལྷ་སར་སླེབས་སོང་ན་རང་གས་ཚང་མ་ཧ་གོ་འགྲོ་གི་རེད་ཟེར་བ་ལྟ་བུ་འཚོར་བྱུང།
དེར་བརྟེན་དྲི་བ་གང་ཡང་མ་སྐུལ་བར་ཕྱི་ལ་རྩེད་མོ་རྩེ་རུ་ཕྱིན་པ་ཡིན། འོན་ཀྱང་ང་ནི་དེའི་ཉིན་གང་པོར་ངའི་སེམས་ནང་། ལྷ་ས་དང། ཕ་མ་དངོས་གནས། ཀོང་པོར་ཡོད་པའི་ཕ་མ་གཉིས་ངའི་ཕ་མ་དངོས་མིན་ནམ། ང་ཀོང་པོར་གང་འདྲ་བྱས་ཏེ་སླེབས་པ་རེད། ངའི་ཕ་མ་དངོས་གནས་གང་འདྲ་ཡོད་དམ་སོགས་དྲི་བའི་སྒང་ལ་དྲི་བ་བརྩེགས་ཡོང་གི་འདུག
སང་ཞོགས་སྔ་པོ་ང་ལ་གོས་ལྷམ་ཚང་མ་གསར་པ་གཡོགས་བྱུང། དེ་དུས་ང་ལ་འཚོར་བ་ཁྱད་ཚར་ཞིག་སྐྱེས་བྱུང་ལྷག་པར་རྐང་པར་གྱོན་པའི་རས་ལྷམ་གསར་པ་དེ་མཐོང་བ་དང། དུས་ཡུན་རིང་པོར་ང་དང་གྲོགས་པའི་ལྷམ་རྩ་རལ་དེ་དེ་རིང་གཡུག་དགོས་བྱུང་སོང་ཨ་ཁ་བསམ་པ་བྱུང་། དེ་ནས་དོར་པོ་དབོར་འདྲིན་གྱི་མོ་ཊ་ཆེ་བ་ཞིག་གི་ནང་འཛུལ་ཏེ་ལྷ་སར་འཐོན།

དགོང་དྲོ་ཆུ་ཚོད་ ༥ པ་ཙམ་ལ་དེ་སྔོན་ང་འཁྱམ་འགྲོ་སའི་ཀོང་པོའི་གྲོང་ཁྱེར་ལས་ཆེས་ཆེ་བའི་གྲོང་ཁྱེར་ཞིག་གི་ནང་སླེབས་འདུག ངས་མོ་ཊའི་མདུན་གྱི་ཤེལ་སྒོ་ནས་མིག་ཐེངས་གཅིག་ཀྱང་མ་འཛུམ་པར་བལྟས་སྡོད་སྐབས། མཐོང་སྣང་དུ།
ནོར་འཛིན་བལ་སྟན་ཐང་ལ་ཡག་གཅིག་བཀྲམ་པའི་སྟེང།
ཀོང་ཇོའི་སྣག་སྣུམ་སྐྲ་ལོ་བཞིན་གྱི་རྒྱ་ལམ་བདེ།
མུ་ཁྱུད་ལྕང་མའི་འཕྲེང་བས་གཡས་གཡོན་གང་དུའང་ལྡན།
གཡོ་བའི་ལོ་མས་རང་ཉིད་བསུ་བར་འོངས་དང་མཚུངས།
 “དཱ་ལྷ་ས་སླེབས་པ་རེད་” ངའི་རྣ་རྒྱབ་ནས་པཱ་ལགས་ཀྱས་དེ་ལྟར་ལབ་པ་དང་སེམས་ནང་ཚུབས་ཆ་ལངས་སོང།
མོ་ཊ་རྒྱ་ལམ་ཟུར་ཞིག་ཏུ་བཀག་ནས་དུས་ཡུན་སྐར་མ་ཉི་ཤུ་ཙམ་སྒུང་སྡོད་སྐབས། དབུ་སྐྲ་ཐུང་ཐུང་སིལ་ལུ་ཡིན་ཀྱང་སྣུམ་ཤ་དོད་པ། ངོ་གདོང་གཙང་ལ་མིག་ལ་སྤྱན་ཤེལ་ནག་པོ་བརྒྱབ། ལུས་པོ་ཡོངས་སུ་དཔེ་གསར་ཅན་གྱི་ཀོ་བ་ནག་པོའི་སྟོད་གོས་དང་ཀོ་བ་ནག་པོའི་གོས་ཐུང་། ཀོ་བ་ནག་པོའི་ལྷམ་ཡུ་རིང་འོད་བཀྲ་ལེར་གྱོན་པའི་མི་ཞིག རྐང་འཁོར་ཡང་ནག་པོ་ཞིག་བཞོན་གྱིན་ངའི་མདུན་དུ་འབབ་བྱུང་བས། དེར་བལྟ་བ་ཙམ་གྱིས་གཟི་བརྗིད་ལྡན་པ་དང་ཚོད་དཔག་བྱས་ཀྱང་ལོ་གསུམ་ཅུ་ཡས་མས་ཡིན་པ་རྟོགས་ཐུབ། དེ་ནི་ངའི་ཨ་ཕ་དངོས་མིན་ནམ། ཨ་ཕ་དངོས་ཡིན་ན་དེ་འདྲའི་རྫིགས་ཉམས་དོད་པ་ལགས་ཨང་བསམ།

དེ་ནས་ཉེ་འཁྲིས་སུ་སླེབས་ནས་ང་ཁོང་གི་པང་དུ་ལེན་དུས་ད་བཟོད་གཞི་ནས་དེ་ནི་ངའི་ཨ་ཕ་དངོས་ཡིན་པ་ཤེས་བྱུང། ཨ་ཕ་དངོས་ཀྱིས་ཨ་ཕ་གཞན་དེར་ཐུགས་རྗེ་ཆེ་ཞུའི་སྐད་ཆ་མང་བདག་ཅིག་བཤད་རྗེས་ང་ཁོང་གི་རྐང་འཁོར་གྱི་མདུན་དུ་བསྐྱོན་ནས་ཕྱོགས་ག་ལ་བ་ཞིག་ཏུ་གཏད་དེ་བསྐྱོད་འགོ་བཙུགས་སོང། ཆུ་ཚོད་ཕྱེད་ཀའི་རྗེས་ལྕགས་ཀྱི་རྒྱལ་སྒོ་ཞིག་གི་ནང་འཛུལ་བ་དང། ནང་ལོགས་ལ་བར་འཁྱམ་ཆེན་པོ་ཞིག་འདུག དེའི་གཡོན་ཕྱོགས་སུ་རྡོ་སྐས་ཞིག་གི་ཐོག་ཨ་མ་ཞིག་གིས་བུ་མོ་ལ་སྐྲ་བཤེད་རྒྱབ་རོགས་བྱེད་ནས་སྡོད་འདུག པཱ་ལགས་དང་ང་གཉིས་ཡོང་བ་མཐོང་འཕྲལ་ཁོང་གཉིས་ངའི་ཐད་དུ་རྒྱུག་སླེབས་ནས་ང་ནང་ལ་ཡར་འཁྲིད་བྱུང། དེ་དུས་གཞི་ནས་ཁོང་ངའི་ཨ་མ་དངོས་དང། ང་ལ་གཅུང་མོ་ཞིག་ཀྱང་ཡོད་པ་ཤེས་བྱུང། ཨ་མ་ལགས་ཀྱིས་དཔར་སྒྲོམ་ནང་ཡོད་པའི་དཔར་རྣམས་ལ་རེ་རེ་བཞིན་འཛུབ་མོ་བཙུག་གིན་དེ་རང་ཆུང་ཆུང་སྐབས་རེད། དེ་པཱ་ལགས་དང་ཨ་མ་ལགས་རེད། དེ་གཅུང་མོ་བསོད་ནམས་སྒྲོལ་མ་རེད་ཅེས་འགྲེལ་བཤད་བརྒྱག་བྱུང། དཔར་ནང་ང་ཆུང་ཆུང་སྐབས་ཀྱི་དཔར་ཡང་ཡོད་པ་མཐོང་དུས་ད་གཟོད་གཞི་ནས་ངའི་ཕ་མ་དངོས་དང་འཚོ་བ་རོལ་རྒྱུ་བྱུང་སོང་སྙམ་པའི་དགའ་སྣང་ཧ་ཅང་སྐྱེས་བྱུང། ཕ་མ་གཉིས་པོས་ང་དང་གཅུང་མོར་ཧ་ཅང་གཅེས་པོ་གནང་གི་འདུག་པས་ཀོང་པོར་ཡོད་པའི་ཕ་མ་དང་སྤུན་མཆེད་རྣམས་གཏིང་བརྗེད་དུ་འགྱུར་བ་ལྟ་བུ་ཆགས་སོང།

དུས་ཚོད་ཀྱི་མྱུར་འགྲོས་ནི་མགྱོགས་སུ་ཕྱིན་པ་ལྟ་བུ་བྱུང་། ལོ་དྲུག་ཟིན་པ་དང་ཕ་མ་གཉིས་པོས་ང་སློབ་གྲྭར་བཏང་རྒྱུའི་སྐད་ཆ་བྱེད་ཀྱི་འདུག        མུ་འགོད།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *