ཨ་ཁུ་་སཱེན་ཊ་ཁོ་ལོ་སི་བོད་དུ་ཕེབས་པ།


བུ་ཤེས་རབ་བློ་ལྡན་ནི་སྤྱང་གྲུང་ལྡན་ཞིང་སེམས་པ་བཟང་བའི་བན་ཆུང་ཞིག་ཡིན། ཁོང་ནི་ལྷ་སའི་ནུབ་ཕྱོགས་ཀྱི་རི་འདབས་སུ་ཆགས་པའི་སེ་ར་དགོན་པ་ནས་ཡིན། དགོན་པའི་ནང་གི་གྲྭ་བ་ཚང་མས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད། ཁོས་དཔེ་ཆ་ངག་འཛིན་བྱེད་རྒྱུ་སོགས་ནི་ཆོས་གྲོགས་རྒན་པ་རྣམས་ལས་ཀྱང་ལྷག་པ་ཡོད་པས་དགོན་པའི་མཁན་པོས་ཡང་ཁོར་དམིགས་བསལ་གྱི་བརྩི་མཐོང་བྱེད། དགོན་པའི་ནང་དུ་ཁོ་རང་དང་འདྲ་བའི་བན་ཆུང་མང་པོ་ཡོད། ཉིན་ལྟར་དཔེ་ཆ་བློ་བཟུང་ཚར་བ་དང་ཁོང་ཚོ་ཚང་མ་མཉམ་དུ་རྩེད་མོ་རྩེ་བར་འགྲོ་གི་ཡོད།

ཉིན་ཞིག་རྩེད་མོ་རྩེ་བཞིན་པའི་སྐབས་སུ་ཟུར་ཞིག་ཏུ་བན་ཆུང་གཅིག་ངུས་ནས་བསྡད་ཡོད་པ་ཤེས་རབ་ཀྱིས་མཐོང་། ཤེས་རབ་ཁོའི་འགྲམ་དུ་ཕྱིན་ནས་"རང་མ་ངུ་། ག་རེ་བྱས་སོང་"ཞེས་སྐད་ཆ་དྲིས་ཀྱང་བན་ཆུང་དེས་དེ་རང་དུ་ངུས་ནས་སྡོད་པ་ལས་ལན་གང་ཡང་མ་སློག ཤེས་རབ་ཀྱིས་བུ་དེའི་གདོང་པར་ཡག་པོ་བྱས་ནས་བལྟ་དུས་དེ་སྔོན་མཐོང་མྱོང་མེད་པ་རེད། བསམ་བློ་ཞིབ་མོ་བཏང་དུས་བན་ཆུང་གསར་པ་ཞིག་ཡིན་པ་དང་། ཕལ་ཆེར་ནང་དྲན་ནས་ངུ་བཞིན་ཡོད་པ་ཤེས།

ཤེས་རབ་ཀྱིས་བུ་དེར་ "ནང་དྲན་གྱི་འདུག་གམ" དྲིས་དུས།
བན་ཆུང་གསར་པ་དེས་ "ཨ་མས་ང་གཡུག་ནས་ཕྱིན་སོང་" ཞེས་ལན་བཏབས་པ་དང་ཡང་བསྐྱར་ངུས།

ཤེས་རབ་ཀྱིས་ཐབས་ཤེས་ག་ཚོད་བཏང་ཡང་བན་ཆུང་གསར་པ་དེས་ངུ་མཚམས་མ་བཞག་པས། ཤེས་རབ་ཀྱིས་ཐབས་ཤེས་ཤིག་བཏོན་ནས་"ཨ་མ་ལགས་ཀྱིས་ང་ཚོ་གཡུག་པ་མ་རེད། ང་ཚོ་ཨ་ཁུ་སཱེན་ཊ་ཁོ་ལོ་སི་(Santa Claus)ཐུག་རྒྱུའི་ཆེད་དུ་འདིར་བཞག་པ་རེད།"ཅེས་ལབ་པ་དང་བན་ཆུང་དེས་ཤེས་རབ་ལ་ཡ་མཚན་ཆེན་པོས་མིག་ཅེར་ནས་བསྡད།
"དངོས་གནས་ཨཱས། ང་ཚོ་ཨ་ཁུ་སཱེན་ཊ་ཁོ་ལོ་སི་ཐུག་གི་རེད་པས།"
"ཐུག་དང་ཐུག ཡིན་ན་ཡང་རང་གིས་དགོན་པའི་ནང་ཡག་པོ་བྱེད་དགོས་རེད། ངུ་རྒྱུ་ཡོད་པ་མ་རེད་"
"བྱས་ན་ག་དུས་ཐུག་གི་རེད།"  "དེ་་་་་་"ཞེས་བསམ་བློ་བཏང་སྡོད་སྐབས་
 "སྤྱི་ཟླ་༡༢ པའི་ཚེས་ ༢༥ ལ་རེད་པཱ་"
"རང་གིས་ཧ་གོ་གི་འདུག་ག"
"ཧེ་་ཧེ་" ཟེར་ནས་གཉིས་ཀ་གད་མོ་ཤོར།

དེ་ནས་བཟུང་ཁོང་གཉིས་ཆོས་གྲོགས་བཟང་པོ་ཞིག་ཏུ་གྱུར་བ་དང་། བན་ཆུང་གསར་པ་བློ་བཟང་ཡང་ཤེས་རབ་ནང་བཞིན་རིག་པ་བཟང་ཞིང་བརྩོན་འགྲུས་ལྡན་པས་མི་ཚང་མང་ཁོང་གཉིས་ལ་བན་ཆུང་སྤུན་གཉིས་ཞེས་གྲགས།

དུས་ཚོད་ནི་ཧ་ཅང་འགྲོ་མགྱོགས་པ་དང་། ཡུད་ཙམ་ཞིག་ལ་དབྱར་ཁ་རྫོགས་ནས་སྟོན་ཁ་དང་དེ་ནས་དགུན་ཟླ་བཅུ་གཅིག་པ་ཟིན་སོང་། ཉིན་གཅིག་གི་དགུང་ཟས་ཚར་བ་དང་བློ་བཟང་གིས་ཤེས་རབ་ལ་གློ་བུར་དུ་ཨ་ཁུ་སཱེན་ཊ་ཁོ་ལོ་སིའི་སྐོར་གྱི་སྐད་ཆ་དྲིས། དོན་དངོས་ཐོག་དེ་སྔོན་ཤེས་རབ་ཀྱིས་བཤད་པའི་སྐད་ཆ་དེ་དག་བློ་བཟང་གིས་དངོས་འབྲེལ་ལ་བརྩིས་ཏེ་སློབ་སྦྱོང་ལ་བརྩོན་འགྲུས་དེ་ལྟར་བྱེད་དོན་ཡང་ཨ་ཁུ་སཱེན་ཊ་ཁོ་ལོ་སི་ཐུག་རྒྱུའི་རེ་བ་འཆིང་བཞིན་པ་ཤེས་རབ་ཀྱིས་རྟོགས།

བློ་བཟང་ནི་དུས་རྒྱུན་དང་མི་འདྲ་བར་རྩེད་མོ་དེ་ཙམ་མི་རྩེ་བར་ག་དུས་ཡིན་ཡང་བསམ་བློ་བཏང་ནས་སྡོད་བཞིན་པ་དགོན་པའི་མཁན་པོ་ཡིས་གཟིགས་ནས་ཉིན་ཞིག་བན་ཆུང་བློ་བཟང་སྐད་བཏང་ཏེ།
"བློ་བཟང་། ཁྱེད་རང་དེང་སང་ངག་རྒྱུགས་བཏོང་བར་ཏོག་ཙམ་སྐྱོ་རུ་ཕྱིན་འདུག མ་ཟད་རང་གི་བསམ་བློ་བཏང་ནས་སྡོད་པ་མང་པོ་ངས་མཐོང་བྱུང་། རང་ལ་དཀའ་ངལ་འདྲ་ཡོད་དམ། ཡོད་ན་ང་ལ་ཤོད་དང་ངས་ཕལ་ཆེར་རོགས་པ་བྱེད་ཐུབ་ཀྱི་རེད་" ཅེས་ངག་དལ་པོས་སྐད་ཆ་དྲིས། དེ་ཐོས་པ་དང་བློ་བཟང་གིས་དེ་སྡོན་ཤེས་རབ་དང་འཕྲད་ཚུལ་དང་། ཁོ་བོས་ཨ་ཁུ་སཱེན་ཊ་ཁོ་ལོ་སི་ཐུག་རྒྱུའི་སྐོར་སོགས་གཅིག་གཅིག་གཉིས་གཉིས་བྱས་ཏེ་མཁན་པོར་ངག་དྲང་པོས་ཞུས།

མཁན་པོས་དེ་ཉན་ཕྲལ་རང་གི་སྨ་ར་དཀར་པོ་དུང་འདྲ་བ་དེར་ལག་པས་བྱུགས་བྱུགས་འགའ་བྱེད་ཀྱིན་བསམ་བློ་བཏང་མཐར། བློ་བཟང་ལ་འཛུམ་ཞིག་བསྟན་ནས་ "ཨ་ཁུ་སཱེན་ཊ་ཁོ་ལོ་སི་ཏན་ཏན་ཡོང་གི་རེད། ངས་གསང་བ་བྱས་ཏེ་གདན་འདྲེན་ཐུབ་ཀྱི་རེད། ཡིན་ན་ཡང་གསང་བ་དེ་ང་ཚོ་གསུམ་མ་གཏོགས་སུ་གང་གིས་ཀྱང་མ་ཤེས་པ་དགོས། གང་ཡིན་ཞེ་ན་ཨ་ཁཱུ་སཱེན་ཊ་ཁོ་ལོ་སི་བོད་ལ་ཡོང་མྱོང་མེད་པ་དང་། ད་ཐེངས་གློ་བུར་དུ་སྐད་བཏང་དུས་ཁོང་གིས་བོད་ལ་ཡོད་པའི་ཕྲུ་གུ་ཚང་མར་རྔན་པ་གྲ་སྒྲིག་བྱེད་ཐུབ་ཀྱི་མ་རེད། ཕལ་ཆེར་ཁྱེད་རང་གཉིས་གཅིག་པོ་ལ་གྲ་སྒྲིག་བྱེད་ཐུབ་མདོག་ཁ་པོ་རེད། བྱས་ཙང་ཁྱེད་རང་གཉིས་ལ་རྔན་པ་གང་དགོས་ཤོག་བུ་ཞིག་གི་སྟེང་དུ་བྲིས་ཏེ། སང་ཞོགས་སྔ་པོ་ཤོག་བུ་དེ་ངའི་སར་སྐྱོལ་ཤོག་" ཅེས་ལབ་མ་ཐག་བློ་བཟང་གིས་གདོང་ལ་འཛུམ་མདངས་ཡོངས་སུ་རྒྱས་ནས་མཁན་པོས་གསུངས་བའི་གསང་བ་དེ་ཡིད་ལ་ཉར་ནས་ཕྱིར་རང་གི་སྡོད་གནས་སུ་བསྐྱོད།

དེའི་དགོངས་མོ་ཤེས་རབ་དང་བློ་བཟང་གཉིས་ཀྱིས་ཤོག་བུ་དཀར་གཙང་ཞིག་གི་ཐོག་རང་རང་ལ་དགོས་འདོད་ཀྱི་ཅ་ལག་གཅིག་གཅིག་བྱས་ཏེ་མིང་བྲིས་ནས་སང་ཞོགས་སྔ་པོ་མཁན་པོར་ཕུལ།

བན་ཆུང་ཤེས་རབ་དང་བློ་བཟང་གཉིས་ཀ་སྔར་རྒྱུན་བཞིན་ཆོས་འདོན་རྒྱུ་དང་ངག་རྒྱུགས་གཏོང་རྒྱུ་ཁོ་ནར་མགོ་དབྱིངས་ནས་དུས་ཚོད་ཇི་ལྟར་ཕྱིན་མིན་ཡང་མ་ཤེས། གནམ་གཤིས་ཧ་ཅང་གྲང་ལ་ཕྱི་ལ་གངས་ཀྱི་མེ་ཏོག་ལྷབ་ལྷབ་འབབ་བཞིན་པའི་ཞོགས་པ་ཞིག་ལ་བློ་བཟང་གློ་བུར་དུ་ཤེས་རབ་སར་རྒྱུགས་ཡོང་ནས་
"ཤེས་རབ། ཤེས་རབ། མགྱོགས་པོ་ལོངས་དང་། ཨ་ཁུ་སཱེན་ཊ་ཁོ་ལོ་སི་ཕེབས་འདུག" ཨ་ཁུ་སཱེན་ཊ་ཁོ་ལོ་སི་ཕེབས་འདུག"
"ག་ལ་འདུག ག་ལ་འདུག"
"ད་ལྟ་ཕྱིན་ཚར་བ་འདྲ། ཡིན་ན་ཡང་ང་གཉིས་ལ་རྔན་པ་མང་པོ་དང་རྐང་སུག་དམར་པོ་ཆ་རེ་རེ་བཞག་འདུག ལྟོས་དང་།" ཞེས་ཤེས་རབ་ལ་བསྟན་བྱུང་པས། ཁོང་གཉིས་དགའ་ཐག་ཆོད་དེ།
"ཨ་ཁུ་སཱེན་ཊ་ཁོ་ལོ་སི་བོད་དུ་ཕེབས་འདུག ཨ་ཁུ་སཱེན་ཊ་ཁོ་ལོ་སི་བོད་དུ་ཕེབས་འདུག" ཅེས་དགའ་འབོད་བྱེད་ཀྱིན་མཆོང་ལྡིང་ཡང་ཡང་བྱས་པས་ཁོ་གཉིས་ཀྱི་སྐད་ཅོར་དེ་ཅོང་བརྡ་བཞིན་གཡས་གཡོན་ཆོས་གྲོགས་གཞན་ཡང་གཉིད་ལས་དཀྲོགས།།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག