རླུང་གིས་འཁུར་བའི་ལོ་མ།


བུ་མོ་སྙིང་རྗེ་མོ་ཞིག་རྐུབ་སྟེགས་ཞིག་གི་སྒང་བསྡད་ཐོག་ནག་ཅིང་གསལ་བའི་མིག་གཉིས་ཀྱི་མཚོ་ཆུང་དེར་ལྟ་ནས་འདུག །ང་ཡང་ཕར་ཙམ་ཀྱི་རྐུབ་སྟེགས་ཞིག་གི་ཐོག་དེབ་ཀློག་ནས་བསྡད་ཡོད། དྲང་པོ་བཤད་ན་ང་དེབ་ཀློག་གི་མེད། ངའི་སེམས་པ་ཁོ་མོ་ཕྱོགས་སུ་ཤོར་འཚར་བ་འདྲ། ཁོ་མོའི་དཀར་མདངས་ཆགས་པའི་ཞལ་རལ་དང་སྣ་གཞུང་བཟང་པོ་ཞིག་འདུག །དེ་ཏོག་ཙམ་ཡར་བཀྱགས་ནས་འོ་དྲིའི་དྲི་ངད་ལྡང་བའི་མཁའ་རླུང་ཞིག་བརྔུབས།

ང་ཚོའི་མདུན་གྱི་མཚོ་ཆུང་དེའི་ནང་གྲུ་གཟིངས་བཏང་མཁན་ཡང་མང་པོ་འདུག །གྲུ་རེ་རེའི་ནང་ཁྱོ་ཤུག་རེ་བསྡད་ནས་དགོད་སྒྲ་དང་ཅ་ཅོས་འཁེངས་འདུག །ཁོ་མོ་ད་དུང་ཡང་མཚོ་ཆུང་དེའི་ཕྱོགས་སུ་མིག་ལྟ་ནས་འདུག །བྱ་འགུལ་དང་དགའ་སྡུག་གི་རྣམ་འགྱུར་གཅིག་ཀྱང་མངོན་རྒྱུ་མིན་འདུག །ང་དང་ཁོ་མོའི་བར་རྒྱང་ཐག་མི་ཊར་(meter)གསུམ་དང་ཕྱེད་ཙམ་ཡོད་ཀྱང་རིང་ལ་འགྱེན་དུ་འཕྱུར་བའི་རྫི་མ་དེ་དག་མངོན་གསལ་འདོད་པོ་མཐོང་ཐུབ་ཀྱི་འདུག
ངས་ཡང་བསྐྱར་དེབ་ཀློག་ཐབས་བྱས་ཀྱིན་མཚམས་མཚམས་བུ་མོ་དེའི་ཕྱོགས་སུ་བལྟས། ཆུ་ཚོད་ཕྱེད་ཀ་ཕྱིན་རྗེས། ནག་ཁུང་ཡང་ཆགས་གྲབ་འདུག། མཚོའི་མཐར་ལག་པ་འཐམ་ནས་འགྲོ་མཁན་ཁྱོ་ཤུག་རེ་གཉིས་དང་། དགོང་འདྲོ་མཚམས་སྤྲིན་ལ་རོལ་མཁན་འགའ་ཤས་མ་ཏོག །ད་གིན་མཚོ་ཆུང་སྒང་དུ་གྲུ་གཟིངས་བཏང་མཁན་རྣམས་ད་ཆ་མཐོང་རྒྱུ་མེད་པར་འགྱུར། ཉི་མ་ལ་ཁར་བཞུད་ལ་ཉེ་ཡང་མཚོ་ཆུང་དེའི་འཁོར་ར་ཁོར་ཡུག་དུ་སེར་མདངས་ཀྱི་འོད་ཀྱིས་འཁེངས་ཞིང་སྔར་བས་མཛེས་པར་བྱས།

ངས་དེབ་དེ་རང་གི་རྒྱབ་ཁུག་ནང་བླུགས། ཡར་ལངས་ནས་མཚོ་ཆུང་འགྲམ་དུ་དེ་བས་ཉེ་བ་ཕྱིན། རྒྱབ་ལ་ཁ་བསློགས་པ་དང་བུ་མོ་དེ་ཡང་རང་གི་སྡོད་སའི་རྐུབ་སྟེགས་ལས་ལངས་ནས་གོམ་པ་གང་སྤོས་ཟིན་འདུག །ཐུར་དུ་བཅངས་པའི་ཁོ་མོའི་རྒྱ་ལྕང་ལྟ་བུའི་སྐྲ་ལོ་ནག་པོ་དང་། སྨད་ལ་གྱོན་པའི་སྦྱར་མ་སྔོ་དཀར་ཅན་དེ་གཉིས་དགོང་དྲོའི་བསིལ་རླུང་དང་བསྡེབས་ཏེ་ལྷོག་ལྷོག་ཏུ་གཡོ་བ་ནི་ཇི་འདྲའི་མཚར་བ་ལགས་ཨང་། ཡིན་ཡང་གནད་དོན་གཅིག་གིས་ངའི་སེམས་པར་ན་ཟུག་ཞིག་བཏབས་་་་་་་་ཁོ་མོའི་མིག་ཆུ།

ཁོ་མོ་མིག་ཆུ་བཏང་བཞིན་འགྲམ་པ་གཉིས་ཀ་བརླན་འདུག །ཁོ་མོ་ཡིད་སྐྱོ་བ་ཤེས་བྱུང་། ཡིན་ཡང་གནས་ཚུལ་གང་ཞིག་གི་དོན་རྐྱེན་ཡིན་ནམ།  ཁོ་མོས་རང་སེམས་གནན་ཐབས་ཇི་ལྟར་བྱས་ཀྱང་ཐབས་ཤེས་མེད་པར་དེ་ལྟར་ངུ་ཤོར་བ་འདྲ།

དེ་གར་ལངས་མུར་རྡོ་ཤེལ་གྱི་ཕྲིང་ཐག་ཆད་པ་ལྟར་མིག་ཆུ་རེ་རེ་ཁོ་མོ་མིག་ནས་འགྲམ་པར་བབས་པ་དེ་ནས་སའི་ནང་རིམ་པས་འཐིམས་ཀྱང་ཁོ་མའི་སེམས་སྡུག་དེ་གར་ལྷག །མིག་ཆུ་བཞིན་དུ་ཁོ་མོའི་སེམས་སྡུག་མ་ལུས་ཀྱང་ས་གཞི་ཆེན་པོ་དེས་ལེན་རོགས་བྱེད་ན་ཅི་མ་རུང་སྙམ།

ང་དེ་གར་ལངས་ནས་ཁོ་མོར་ལྟ་ནས་བསྡད་ཡོད། ཡིན་ཡང་ཁོ་མོས་ང་མ་མཐོང་། གཅིག་བྱས་ན་དེ་ལྟར་མ་མཐོང་བས་ལེགས། ངས་ཁོ་མའི་སྙིང་གི་རྨ་ཁ་གསོ་ཡང་ག་ལ་ཐུབ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *