QR Code ཟེར་ན་གང་རེད།

 

ཁྱེད་ཀྱིས་ QR code ཟེར་བ་ཕལ་ཆེར་ཐོས་མྱོང་ཡོད་ཤས་ཆེ། བྱས་ན་ཁྱེད་ཀྱིས་ QR code ཟེར་བ་དེའི་བྱེད་ལས་སྐོར་ལ་རྒྱུས་ལོན་ཡག་པོ་ཇི་ཙམ་ཡོད། ཁྱེད་ཀྱིས་གསར་དུ་ཐོན་པའི་ཆ་འཕྲིན་ལག་རྩལ་དེ་སྤྱད་མྱོང་ངམ། མ་གཞི་ QR code ཟེར་ན་གང་རེད་དམ། QR ཞེས་པ་ "Quick Response Codes" ལས་བསྡུས་པ་ཞིག་ཡིན་པ་དང་། QR code ནི་གྲུ་བཞི་ཁ་སྒང་མ་ཞིག་གི་ནང་གནས་ཚུལ་རྣམས་ནག་ཐིག་ཆེ་ཆུང་འདྲ་མིན་བཀོད་ནས་མཚོན་པར་བྱས་པའི་རི་མོ་ཞིག་ཡིན། བྱས་ན་ QR code དེ་མི་གཞན་གྱིས་ཇི་ལྟར་གློག་ཐུབ་བམ་ཟེར་ན། དེ་ནི་རང་ཉིད་ཀྱི་ལག་ཐོག་ཁ་པར་དང་དམིགས་བསལ་གྱི་གློག་ཆས་སྤྱོད་དེ་ནང་དོན་རྣམས་སྐར་ཆ་གཅིག་གཉིས་ནང་ལག་ཐོག་ཁ་པར་གྱི་ངོས་སུ་སྟོན་ཐུབ།

QR Code བེད་སྤྱོད་ཆེ་ཤོས་བཏང་མཁན་ནི་ཉི་ཧོང་གི་རྒྱལ་ཁབ་ནང་ཡིན་པ་དང། དེ་ནས་ཤར་གླིང་ཆེན་དང། དེ་ནས་ད་ཆ་ནུབ་ཕྱོགས་སུ་དར་ཁྱབ་ཆེ་ཆེར་འགྲོ་བཞིན་ཡོད། རིམ་པས་ཁྱེད་ཀྱིས་ QR Code དེ་དག་ཤོག་སྒམ་དང་། ཚོང་ཁང་ནང་གི་ཅ་དངོས། རྩིག་གྱང་ངོས་ཀྱི་སྦྱར་ཡིག ཁྱབ་བསྒྲགས། གློག་འཕྲིན། དྲ་ཚིགས་སོགས་ཀྱི་ངོས་སུ་་QR Code བཀོལ་སྤྱོད་བྱེད་པ་མཐོང་ངེས། QR Code གི་ཁྱབ་ཚད་ཧ་ཅང་ཆེན་པོ་ཡིན་དམིགས་བསལ། བཟོ་ཚོང་དང་། ཁྱབ་བསྒྲགས་ལས་ཁུངས། ཞབས་ཞུ་ཁང་དེ་བཞིན་རང་གི་བསམ་བློ་འཁོར་ཚད་ལ་བེད་སྤྱོད་བྱེད་རྒྱུ་ཡོད།

ངས་ QR Code ལ་དོ་སྣང་བྱེད་དགོས་སམ།


ད་ཆ་ང་ཚོ་ཚང་མར་ལག་ཐོག་ཁ་པར་དང་དེ་བཞིན་གྱི་གློག་ཆས་ཡོད་མཁན་ཤ་སྟག་ཡིན་པ་དང། དུས་ཡུན་ཐུང་ཐུང་ནང་ QR Code  དེ་སྤྱོད་སྒོ་རྒྱ་ཆེར་སོང་བ་དང་། བརྡ་འཕྲིན་དང་གནས་ཚུལ་མཁོ་སྤྲོད་ཆེད་བེད་སྤྱོད་བཏང་ངེས་ཡིན་པས་སྤྱི་ཚོགས་ལྷྲིལ་པོརགཡོ་འགུལ་ཐེབས་ངེས་རེད།

ངས་  QR Code ཇི་ལྟར་བྱས་ནས་ཀློག་ཐུབ།


དེ་ཧ་ཅང་ལས་ལྷ་པོ་རེད། ཁྱེད་ཀྱི་ཁ་པར་ནང་  QR Code ཀློག་ཆེད་ཀྱི་མཉེན་ཆས་གཅིག་བླུགས་རྗེས། མཉེན་ཆས་དེ་དང་ཁ་པར་གྱི་པར་ཆས་གཉིས་སྤྱད་དེ་  QR Code གྱི་རི་མོ་གང་འདྲ་ཞིག་གི་ཐོག་བཤེར་(scan) ན་དེ་དང་དེའི་ནང་དོན་ཁ་པར་ངོས་སུ་འཆར་ཐུབ། གལ་ཏེ་ཁྱེད་ཀྱི་འཕྲིན་ཕྲན་ (wechat) སྤྱོད་ཀྱི་ཡོད་ན་མཉེན་ཆས་གཞན་གང་ཡང་མི་དགོས། འཕྲིན་ཕྲན་དེ་གའི་ནང་ "Scan QR Code" ཞེས་པའི་འདེམས་ག་དེ་སྤྱད་ན་འགྲིགས།

གང་ཞིག > QR Code <ནང་བཟོ་ཐུབ་བམ།

ཁྱེད་ཀྱིས་ QR code བཟོ་བའི་དྲ་ཚིགས་ཞབས་ཞུ་མང་པོ་ཡོད། ( https://www.the-qrcode-generator.com/ དང། http://www.qrstuff.com, http://qrcode.kaywa.com, http://quikqr.com ) དྲ་ཚིགས་དེ་དག་རྒྱུད་དེ།

  • ཡི་གེ་དུམ་མཚམས་ཞིག་  QR Code ནང་བསྒྱུར་ཐུབ།
  • དྲ་ཚིགས་ཁ་བྱང་ཞིག  QR Code ནང་བསྒྱུར་ཐུབ།
  • བསྡོད་གནས་ཁ་བྱང་ V-card དེ་  QR Code ནང་བསྒྱུར་ཐུབ།
  • ཁ་པར་ཨང་གྲགས་ཞིག་ QR Code ནང་བསྒྱུར་ཐུབ།
  • འཕྲིན་ཐུང་ sms ཞིག་ QR Code ནང་བསྒྱུར་ཐུབ།


བཟོས་ཟིན་པའི་ QR Code དེ་གང་དུ་འཇོག་དགོས།

བཟོས་ཟིན་པའི་ QR code དེ་དག་འགྲེམས་སྤེལ་དང་གཞན་ལ་ངོ་སྤྲོད་ཡོང་ཆེད། ཤོག་ཐོག་དུ་པར་བརྒྱག་པའམ། དུས་དེབ་ངོས་སུ་བཀོད་པ། རང་གི་ཚོང་ཟོག་ངོས་སུ་བཀོད་པ། དེ་བཞིན་དྲ་ཚིགས་དང་། རྩིག་གྱང་སོགས་མི་གཞན་གྱི་དོ་སྣང་ཡོང་ས་ཐམས་ཅད་ལ་ཐབས་མཁས་པོས་བཀོད་ན་འགྲིགས།

QR code དེ་དག་ཡིག་ཆའི་རྣམ་པ་གང་ཞིག་ཡིན།


  • QR Code དེ་དག་བཟོས་རྗེས་ཕབས་ལེན་ཆེད་ཡིག་ཆའི་རྣམ་པ་
  • HTML Code
  • PNG File
  • Tiff File
  • SVG
  • EPS བཅས་ཡིན།

QR code གསར་གཏོད་བྱེད་མཁན་སུ་རེད་དམ།

ཕྱི་ལོ་ ༡༩༩༤ ལོར་ཉི་ཧོང་ Toyota Group གྱི་ཡན་ལག་ཀུང་སིའི་ལས་བྱེད་སྐུ་ཞབས་ ཌེན་སོ་ཝེཧྤ་ (Denso-Wave) ཡིས་མོ་ཊའི་ཆ་ལག་རྣམས་ཚང་མིན་ཐོ་བཀོད་གསལ་པོ་ཡོང་ཆེད་དམིགས་དཀར་གྱིས་བཟོས་པ་ཞིག་ཡིན། ཁོང་གིས་བཟོས་པའི་ QR code དེའི་ནང་གནས་ཚུལ་ཤོང་ཚད་མང་བ་དང་། ནོར་འཛོལ་མེད་པ། བཤེར་ཚད་མགྱོགས་པ། སྤྱོད་ལྷ་བ་སོགས་དགེ་མཚན་དུ་མ་ལྡན་པས་ཕྱིས་སུ་ཚོང་རྫས་ངོས་དང་། ལས་མིའི་ལག་ཁྱེར་སོགས་ཀྱི་ངོས་སུ་ཡང་བེད་སྤྱོད་རྒྱ་ཆེར་བྱུང་བ་རེད།

Heartbleed སྙིང་ཁྲག་བཞུར་བ་ཟེར་བའི་སྐོར་གླེང་བ།

 
རྩོམ་ཡིག་ཡོངས་ཁུངས། བསྟན་འཛིན་སྒྲོལ་མ།

བོད་དེ་གཞིས་བྱེས་གཉིས་སུ་གྱེས་པ་ནས་བོད་མི་ཚོ་འཛམ་གླིང་གི་ས་ཕྱོགས་ཡུལ་གྲུ་གང་སར་ཁ་འཐོར་དགུ་འཐོར་དུ་ཕྱིན་དང་འགྲོ་བཞིན་པའི་ད་ལྟའི་དུས་སྐབས་འདིར། དྲ་རྒྱ་ནི་ཕ་མ་སྤུན་མཆེད་དང་གྲོགས་ཉེ་རིང་སོགས་ལ་འབྲེལ་བ་མཐུད་བྱེད་ཀྱི་བརྒྱུད་ལམ་གལ་ཆེ་ཤོས་དང་མགྱོགས་ཤོས་དེ་ཆགས་ཡོད། དྲ་རྒྱའི་མཐུན་རྐྱེན་འདིའི་དབང་གིས་མིག་རྡེབ་དབང་ཙམ་གྱི་རིང་དུ། ང་ཚོས་རི་རབ་སྟོང་ཕྲག་གིས་བཅད་ཅིང་། ལེ་དབར་ཁྲི་ཚོ་ཡི་ས་ན་གནས་པའི་རྒྱང་རིང་གི་ཤ་ཉེ་རིང་དང་གྲོགས་གྲོགས་མོ་ཚར་མར་འབྲེལ་བ་བྱས་ནས་སྐད་ཕར་གཏོང་ཚུར་ཉན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། ཕན་ཚུན་སྒྲོག་ཙེ་གཅིག་གི་སྟེང་དུ་བསྡད་ནས་ཁ་བརྡ་བྱེད་པ་ལྟར་གཟུགས་མཐོང་གླེང་མོལ་ཀྱང་བྱེད་ཐུབ་པ་ཆགས་ཡོད།

དེ་ཙམ་མ་ཟད། ལུས་པོའི་ནུས་སྟོབས་ལ་བརྟེན་ནས་ངལ་དུབ་ཀྱི་ལས་ཀ་བྱེད་མ་དགོས་པར། མི་སྒེར་དང་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་ཉིན་རྒྱུན་གྱི་ཕྱག་ལས་གང་མང་ཞིག་དྲ་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད། དྲ་ཐོག་ནས་དངུལ་སྒོར་གཏོང་ལེན་དང་། དྲ་ཐོག་ནས་ཚོང་ཟོག་ཉོ་བ་སོགས་ནི་དཔེ་མཚོན་ཆུང་ཆུང་གི་རིགས་རེད། རྒྱུ་མཚན་དེ་དག་གི་དབང་གིས་དྲ་རྒྱ་ནི་བརྡ་འཕྲིན་དུས་རབས་ཀྱི་ཁྲོད་དུ་གནས་པའི་མི་ཚོའི་དུས་གསུམ་གྱི་ཞལ་ཟས་དང་གཅིག་མཚུངས་ཀྱི་གལ་ཆེན་ཆགས་ཡོད་ཅེས་ལབ་ཀྱང་མ་འགྲིག་པ་མེད།

འདི་ལྟར་དྲ་རྒྱ་ནི་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་གལ་ཆེའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་དྲ་རྒྱ་ནི་མིས་བཟོ་སྐྲུན་བྱས་པ་ཡིན་པས། དེ་ལ་ནོར་འཁྲུལ་དང་། འཐུས་ཤོར། སྐྱོན་ཆ་ཅི་རིགས་ཤིག་ཡོད་ངེས་པ་ང་ཚོ་ཚང་མས་ཧ་གོ་དགོས།
དཔེར་ན། བདུན་ཕྲག་གཉིས་ཀྱི་ཡར་སྔོན་དུ། འཛམ་གླིང་གི་འཕྲུལ་རིག་ཆེད་མཁས་པ་ཚང་མ་ཧ་ལས་སུ་བཅུག་ཅིང་། དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚང་མ་འུར་འུར་ཟིང་ཟིང་དུ་བཟོས་པའི་གནད་དོན་གཅིག་ནི་དབྱིན་སྐད་དུ་Heartbleed སྙིང་ཁྲག་བཞུར་བ་ཟེར་བ་དེ་ཡིན།

Heartbleed་སྙིང་ཁྲག་བཞུར་བ་ཟེར་བ་དེ་ག་རེ་རེད།

སྙིང་ཁྲག་བཞུར་བ་ཟེར་བ་དེ་ནི་དྲ་ཐོག་གི་ནད་འབུ་ཞིག་མ་ཡིན་པར། དྲ་རྒྱའི་ཞབས་ཞུའི་མཐུན་རྐྱེན་སྤྲོད་མཁན་ཚོའི་མཉེན་ཆས་ཀྱི་སྐྱོན་ཆ་ཞིག་གི་མིང་ལ་དེ་ལྟར་བཏགས་པ་ཞིག་རེད། སྐྱོན་ཆ་དེའི་དབང་གིས་གཞུང་དང་སྒེར་ཚང་མས་དྲ་ཐོག་ཏུ་སྒྲུབ་བཞིན་པའི་ལས་དོན་མང་པོ་ཞིག་དང་། ལྷག་པར་དྲ་ཐོག་ཏུ་གསང་ཚིག་བརྒྱབ་ནས་གློག་འཕྲིན་ནང་འཛུལ་བ་དང་། དྲ་ཐོག་གི་གལ་ཆེའི་ཡིག་ཆ་གསོག་འཇོག་བྱེད་པ་དང་བགོ་འགྲེམས་བྱེད་པ། ད་དུང་དྲ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱེད་པ་སོགས་ལ་མི་གསུམ་པ་ཞིག་གམ་ཡང་ན། དྲ་ཐོག་ཏུ་ཁྲིམས་འགལ་གྱི་ལས་ཀ་བྱེད་མཁན་གྱི་འཇབ་རྒོལ་བ་ཚོས་རྐུན་མ་རྒྱག་ཐུབ་པའི་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད།

 Heartbleed སྙིང་ཁྲག་བཞུར་བ་ཟེར་བའི་དྲ་ཐོག་གི་སྐྱོན་ཆའམ་ནོར་འཛོལ་དེ་གང་དུ་ལྷག་པ་རེད།

Heartbleed སྙིང་ཁྲག་བཞུར་བ་ཟེར་བའི་སྐྱོན་ཆ་དེ་ནི་དྲ་རྒྱའི་ཞབས་ཞུའི་མཐུན་རྐྱེན་སྤྲོད་མཁན་གྱི་མཉེན་ཆས་ OpenSSL ཟེར་བ་དེ་ནང་དུ་ལྷག་པ་ཞིག་རེད། OpenSSL ནི་རྩ་བའི་ཆ་ནས་མི་ཚོའི་དྲ་ཐོག་གི་བདེ་འཇགས་ཆེད་བཟོས་པའི་མཉེས་ཆས་མ་ལག་ཅིག་ཡིན་ལ། མཉེན་ཆས་མ་ལག་འདིས་དྲ་རྒྱའི་ཞབས་ཞུའི་མཐུན་རྐྱེན་སྤྲོད་མཁན་དང་དྲ་རྒྱ་བེད་སྤྱོད་གཏོང་མཁན་གཉིས་དབར་དུ་གསང་ཚིག་དང་་གནས་ཚུལ་གཞན་་ཁག་སྦས་བའི་ཐོག་ནས་གཏོང་ལེན་བྱེད་ཀྱི་ཡོད།

དེ་ཡང་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་དང་། ལྷག་པར་བྷི་བྷི་སི་གསར་ཁག་གི་གནས་ཚུལ་སྤེལ་བར་གཞིགས་ན། འཕྲུལ་རིག་ཆེད་མཁས་པ་དག་གིས་ཞིབ་ཏུ་ཞིབ་འཇུག་བྱེད་དུས། Heartbleed ཟེར་བའི་སྐྱོན་ཆ་དེ་དྲ་སྟེང་དུ་ལྷག་ནས་ལོ་གཉིས་ལྷག་ཕྱིན་ཡོད་པའི་ཚོད་དཔག་བྱས་ཡོད་ལ། རྒྱུ་རྐྱེན་དེ་དབང་གིས་ད་ཆ་འཛམ་གླིང་གི་དྲ་ཚིགས་ས་ཡ་ཕྱེད་ཀ་ལྷག་བདེ་འཇགས་མིན་པ་མ་ཟད། དྲ་ཐོག་གི་འཇབ་རྒོལ་བ་ཚོའི་གནོད་སྐྱོན་ཐེབས་ངེས་པའི་ཧ་ཅང་ཉེན་ཁའི་གནས་སུ་ལྷག་ཡོད་པའི་འགྲེལ་བརྗོད་བྱས་ཡོད།

 དྲ་ཐོག་གི་གནོད་འཚེ་ཕོག་ཡུལ། ཁེ་ན་ཌའི་ཁྲལ་བསྡུ་ལས་ཁུངས།

ཐོག་མའི་ཆར། Heartbleed སྙིང་ཁྲག་བཞུར་བ་ཟེརབའི་སྐྱོན་ཆ་དེ་དྲ་ཐོག་ཏུ་ལྷག་ཡོད་རུང་། གོ་སྐབས་དེ་བཟུང་ནས་གཞུང་དང་ཚོགས་པ། མི་སྒེར་སོགས་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་ཚུལ་བཀོད་ཡོད་ཀྱང་། ཉིན་ཁ་ཤས་གོང་། རང་ལོ་༡༩ ཡིན་པའི་ཁེ་ན་ཌའི་སི་ཀྲེ་ཧྥིན་་་ཨ་ཐ་རོ་ཟེར་བ་ཞིག་གིས་ཁེ་ན་ཌའི་རྒྱལ་ཁབ་ཀྱི་ཁྲལ་བསྡུ་ལས་ཁུངས་ཀྱི་དྲ་ཚིགས་ལ་གནོད་སྐྱོན་བཏང་ནས་དྲ་ཚིགས་དེའི་ཐོག་གི་མི་སྒེར་གྱི་སྤྱི་ཚོགས་ཉེན་སྲུང་འགན་ལེན་གྱི་ཨང་གྲངས་༩༠༠ ལྷག་བརྐུ་འཁྱེར་བྱས་ཚུལ་ཉེན་རྟོག་པས་ཉེས་འཛུགས་བྱས་ནས་འཇུ་བཟུང་བྱས་ཡོད། གནས་སྟངས་དེའི་འོག ཁེ་ན་ཌའི་ཁྲལ་བསྡུ་ལས་ཁུངས་ཀྱིས་དྲ་ཐོག་གི་ཁྲལ་བསྡུ་ཞབས་ཞུ་འཕྲལ་དུ་མཚམས་འཇོག་བྱས་ཡོད།
དེར་བརྟེན་དྲ་རྒྱའི་ཆེད་མཁས་པ་མི་མང་པོ་ཞིག་གིས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བཟོ་ཚོང་ཁང་ཆེ་ཁག མི་སྒེར་སོགས་ཚང་མར་གནོད་སྐྱོན་ཐེབས་ཡོད་སྲིད་པའི་དོགས་པ་དང་སེམས་འཚབ་བྱེད་ཀྱི་ཡོད། དུས་ད་ལྟའི་ཆར་འཛམ་གླིང་གི་ས་ཆ་གང་སར་དྲ་ཐོག་ནས་གནས་ཚུལ་ག་རེ་བརླག་པ་བཤད་ཚོད་ཐུབ་ཀྱི་མེད། འོན་ཀྱང་སྲིད་དབང་སྒེར་གཅོད་ཅན་གྱི་རྒྱ་ནག་ལྟ་བུས་རང་དབང་འཐབ་རྩོད་པ་ཚོའི་དྲ་ཐོག་གི་གསང་ཚིག་དང་ཡིག་ཆ་སོགས་བརྐུ་འཁྱེར་བྱས་ཡོད་ཚེ། དེ་ནི་ཧ་ཅང་ཉེན་ཚབས་ཆེ་བའི་གནད་དོན་ཞིག་རེད།

Heartbleedbug སྙིང་ཁྲག་བཞུར་བ་ཟེར་བའི་སྐྱོན་ཆ་དང་། ཨན་ཌོ་མ་ལག་རྟགས་ཅན་གྱི་ཁ་པར།

Heartbleedbug གནས་ཚུལ་ཐོག་མར་ཁྱབ་དུས། འཕྲུལ་རིག་ཆེད་མཁས་པ་ཚང་མས་དྲ་ཚིགས་ཁག་གི་ཉེན་ཁའི་གནས་བབ་དམིགས་སུ་བཟུང་ཡོད་ལ། ད་ཆ་དམིགས་འབེན་གྱི་ཁ་ཕྱོགས་ལག་ཐོགས་ཁ་པར་གྱི་སྟེང་དུ་བབས་ཡོད།

དེ་ཡང་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། ཨན་ཌོ་ཁ་པར་ས་ཡ་མང་པོ་ཉེན་ཁའི་གནས་སུ་ལྷག་ཡོད་ཚོད་འདུག་ལ། ཨན་ཌོ་ཁ་པར་གྱི་བཟོ་བཀོལ་མ་ལག་ཐོན་༤..༡.༡. དེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། གོ་གལ་བཟོ་ཚོང་ཁང་གི་ངོས་ནས་ཨན་ཌོ་ཁ་པར་ནང་གི་བཟོ་བཀོལ་མ་ལག་ཐོན་གསར་བ་བཟོ་སྐྲུན་བྱས་ཏེ། ཉེན་ཁ་དེ་སེལ་ཡོད་ཚུལ་བརྗོད་ཡོད་རུང་། Sony’s Xperaria E དང་། HTC’s One S དང་ Huawei’s Y300 Asus’s padfone2 སོགས་ནང་གི་ཁ་པར་གྱི་བཟོ་བཀོལ་མ་ལག་དེ། ཐོན་གསར་བའི་ཐོག་བརྗེ་བསྒྱུར་བྱེད་ཐུབ་ཀྱི་མེད་པ་དེ་རེད། ༼སྒེར་གྱི་གསང་བ་དང་བདེ་འཇགས་དེ་ HTC ངོས་ནས་གལ་ཆེན་པོར་བརྩི་གི་ཡོད་སྟབས། ང་ཚོའི་ངོས་ནས་ང་ཚོའི་ཚོང་ཟོག་ཉོ་ཚོང་མཁན་ཚོའི་འཕྲུལ་ཆས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ངེས་ཡིན་ཅེས།༽ ཐའེ་ཝན་གྱི་བཟོ་ཁང་དེས་བརྗོད་ཡོད། ཡིན་ཡང་Sony དང་Huawei གཉིས་ཀྱིས་གནས་ཚུལ་འདིའི་སྒང་ལ་འགྲེལ་བརྗོད་དང་གསལ་བཤད་གང་ཡང་བྱས་མེད།

Huawei ནི་རྒྱ་ནག་གིས་བཟོས་པའི་ཨན་ཌོ་མ་ལག་རྟགས་ཅན་གྱི་ཁ་པར་ཞིག་ཡིན་ཡང་། རྒྱ་ནག་གིས་བཟོ་སྐྲུན་སྐབས་ཁ་པར་དེའི་ནང་མཉེན་འབུ་བླུགས་ནས་ཁ་པར་ཉོ་ཚོང་བྱེད་མཁན་གྱི་ཡིག་ཆ་དང་གཞི་གྲངས་སོགས་ལྐོག་ནས་གསོག་ཉར་བྱེད་ཀྱི་ཡོད་པར་ཨ་རི་དང་རྒྱ་གར་སོགས་ཀྱི་དོགས་པ་བྱེད་ཀྱི་ཡོད། རབ་ཡིན་ན། བོད་པ་ཚོས་Huawei ཁ་པར་དེ་མ་ཉོས་ན་དགའ།

ཡིན་ཡང་ཨན་ཌོ་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་བཟོ་ཚོང་ཁང་ངོས་ནས་བཟོས་ཚར་བའི་ཁ་པར་ནང་གི་བཟོ་བཀོལ་མ་ལག་ཐོན་གསར་བ་དེའི་ཐོག་ལ་བརྗེ་བསྒྱུར་བྱེད་ཐུབ་མིན་ལ་ལྟ་རྒྱུ་དེ་ད་ལྟའི་དུས་ཀྱི་གདམ་ག་ཉག་གཅིག་ཡིན། དཔེར་ན་སེམས་སོང་ཁ་པར་ཐོན་གསར་བའི་རིགས་སེམས་སོང་S3 དང་S4 S5 སོགས་ཀྱི་ནང་གི་བཟོ་བཀོལ་མ་ལག་ཁག་ཐོན་གསར་བའི་བརྗེ་བསྒྱུར་བྱེད་ཐུབ་ཀྱི་ཡོད་པ་རེད།

ང་ཚོ་ཉེན་ཁའི་གནས་སུ་ཡོད་ཚེ། དེ་ནས་ཅི་ཞིག་བྱེད་དགོས་སམ།

ང་ཚོ་དྲ་ཐོག་གི་གནོད་འཚེ་ཐེབས་སྲིད་པའི་གནས་སྟངས་དེ་འདྲ་ཞིག་གི་འོག་ལྷག་ཡོད་དུས། སོ་སོའི་དྲ་ཐོག་གི་མི་ཚེའི་བདེ་འཇགས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་དེ་ནི་སྐབས་བབ་ཀྱི་དྲི་བ་ཆེ་ཤོས་དེ་ཡིན།

ད་ལྟའི་ཉེན་ཁའི་གནས་བབ་འདིའི་ཁྲོད་དུ། རང་ཉིད་ཀྱི་གློག་འཕྲིན་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ། དྲ་ཚིགས་ཁག་དང་། ཟིན་བྲིས་དྲ་གནས། དྲ་ཐོག་གི་དངུལ་ཁང་དང་འབྲེལ་བའི་གནས་ཚུལ། dropbox and ge.tt སོགས་ནང་གི་ཡིག་ཆ་བགོ་འགྲེམས་སོགས་ལ་གཞན་གྱིས་གནོད་སྐྱོན་མ་ཐེབས་པའི་ཕྱིར་དུ།
གཤམ་དུ་གསལ་བའི་གོ་རིམ་འདི་དག་ངེས་པར་དུ་ལག་ལེན་དུ་བསྟར་རོགས།


  1. ཉེན་ཁའི་གནས་སུ་ཡོད་པའི་དྲ་ཚིགས་འདྲ་མིན་ལ་གང་བྱུང་དུ་མྱུལ་མི་རུང་།
  2. རང་ཉིད་ཀྱི་དྲ་ཐོག་གི་གསང་ཚིག་ཡོད་ཚད་བསྐྱར་དུ་བརྗེ་བོ་སློག་རོགས། ཡིན་ཡང་ཧ་གོ་དགོས་པ་ཞིག་ལ། གོ་གལ་བཟོ་ཚོང་ཁང་གི་ངོས་ནས་ OpenSSL མཉེན་ཆས་མ་ལག་ཐོན་གསར་བ་བཟོ་སྐྲུན་བྱས་ཚར་ཡོད་རུང་། དྲ་ཚིགས་མང་པོ་ཞིག་གིས་དྲ་ཐོག་གི་གཞི་གྲངས་དང་ཡིག་ཆ་མང་པོ་ཞིག་གསར་བསྒྱུར་བྱས་མེད་པའི་གོང་དུ། རང་ཉིད་ཀྱི་དྲ་ཐོག་གི་གསང་ཚིག་རྣམས་བརྗེ་བོ་སློག་པ་ཡིན་ན། ཁྱེད་ཀྱི་གསང་ཚིག་གསར་རྙིང་གཉིས་ཀ་དྲ་ཐོག་གི་འཇབ་རྒོལ་བའི་ལག་ནང་དུ་ཤོར་ཉེན་ཡོད་པས། དྲ་ཚིགས་ཁག་གི་སྐྱོན་ཆ་དེ་བཟོ་བཅོས་དང་ཁ་སྐོང་མ་གྲུབ་བར། གསང་ཚིག་བརྗེ་བོ་སློག་རྒྱུར་བྲེལ་བ་མ་ལངས་རོགས།
  3. དྲ་རྒྱའི་མཐུན་རྐྱེན་སྤྲོད་མཁན་གྱི་བཟོ་ཚོང་ཁང་གང་རུང་ངོས་ནས་ར་སྤྲོད་ཀྱི་རིམ་པ་གཉིས་ཟེར་བའི་མཐུན་རྐྱེན་དེ་མཁོ་སྤྲོད་བྱེད་ཀྱི་ཡོད་ཚེ་ཉེན་སྲུང་གི་རིམ་པ་འཕར་མ་དེ་སྒྲིག་བཟོ་བྱོས། ཉེན་སྲུང་གི་ར་སྤྲོད་ཀྱི་རིམ་པ་གཉིས་ཟེར་བ་དེ་ཇེ་མེལ་གློག་འཕྲིན་ཁ་བྱང་དང་ཐེའུ་ཐར་སོགས་ཀྱི་ནང་དུ་དྲ་རྒྱའི་བཟོ་ཚོང་ཁང་ངོས་ནས་སྔ་ས་ནས་བཟོ་སྐྲུན་བྱས་ཡོད་པས། སྒྲིག་བཟོ་བྱེད་རྒྱུ་དེ་ཁྱེད་ཀྱི་ལས་འགན་ཡིན།
  4. གལ་ཏེ་ཁྱེད་ཀྱིས་དྲ་ཚིགས་སོགས་གཉེར་གྱི་ཡོད་ཚེ། ཁྱེད་ཀྱི་དྲ་གནས་དེར་ Heartbleed bug ཟེར་བའི་གནོད་སྐྱོན་ཐེབས་ཡོད་མེད་དྲ་ངོས་འདིར་http://filippo.io/Heartbleed/ ཕེབས་ནས་ལྟོས།
  5. གློག་ཀླད་དང་ཁ་པར་ནང་གི་མཉེན་ཆས་ཁག་དང་བཟོ་བཀོལ་མ་ལག་སོགས་དྲ་རྒྱའི་བཟོ་ཚོང་ཁང་གིས་དུས་ནས་དུས་སུ་དུས་བསྟུན་ཁ་གསབ་ཀྱི་ཚུལ་དུ་ཐོན་གསར་བ་འདོན་སྤེལ་བྱེད་ཀྱི་ཡོད་པ་བཞིན། ཁྱེད་ཀྱིས་དུས་ཐོག་ཏུ་ཐོན་གསར་བའི་ཐོག་ལ་བརྗེ་བསྒྱུར་བྱས་ནས། ཕྱིར་འགྱངས་མི་བྱེད་པ་དེ་ཁྱེད་ཀྱི་དུས་རྒྱུན་གྱི་གོམས་གཤིས་ཆགས་ཏུ་འཇུག་དགོས།

སྔོན་མ་ནས་ཞུས་པ་བཞིན། དྲ་རྒྱ་ནི་མིས་བཟོས་པའི་འཇིག་རྟེན་ཞིག་ཡིན་པས། དེ་ལ་ག་དུས་ཡིན་ཡང་སྐྱོན་ཤོར་ཆོག་ཆོག་ཡིན། དེ་བས་ང་ཚོས་ངེས་པར་དུ་སེམས་ལ་འཛིན་དགོས་པ་ཞིག་ནི། རིན་གོང་ཧ་ཅང་ཆེ་བའི་ནད་འབུ་སྔོན་འགོག་གི་མཉེན་ཆས་ག་ཚོད་ཉོས་རུང་། དྲ་ཐོག་ན་༡༠༠%བདེ་འཇགས་ཟེར་བ་ཞིག་གཏན་ནས་མེད། ཡིན་ཡང་བདེ་འཇགས་ཀྱི་ཚད་རིམ་མཐོ་རུ་གཏོང་ཐུབ་པའི་ཧ་ཅང་སྟབས་བདེའི་ལམ་ཁ་མང་པོ་ཞིག་ཡོད་ལ། དེ་དག་ལག་ལེན་དུ་བསྟར་ན། རང་ཉིད་་ཀྱི་དྲ་ཐོག་གི་བདེ་འཇགས་གང་ལ་གང་ཐུབ་ཀྱི་སྲུང་སྐྱོབ་བྱེད་ཐུབ་པ་ཡིན། དེ་དག་ནི། ཟུར་སྣོན་རིགས་དང་ལོགས་སུ་སྡོད་པ། འབྲེལ་ཐག་འདྲ་མིན་གྱི་ཐོག་ཏུ་གང་བྱུང་དུ་མི་བསྣུན་པ། གློག་ཀླད་དང་ཁ་པར་སོགས་ཀྱི་མཉེན་ཆས་དུས་ཐོག་ཏུ་ཐོན་གསར་བའི་ཐོག་ལ་བརྗེ་སྤོར་བྱེད་རྒྱུ་བཅས་ཡིན།

བོད་མཉེན་འཕྲིན་སྟེགས་ཀྱིས་གསལ་བསྒྲགས།

 
འཕྲིན་སྟེགས་སམ་སྤྱི་སྟེགས་འདི་ད་ལྟ་རྩོམ་སྤེལ་མི་ཐུབ་ཆགས་སོང་བས། དོ་གཉེར་བ་ཚོས་སྤྱི་སྟེགས་གསར་པ་ sonamdawa101 ཐོག་ཕེབས་རོགས་ཞུ། སྤྱི་སྟེགས་གསར་པའི་སྐོར་རྒྱས་པ་ཤེས་འདོད་ན། དྲ་ཐག་འདིར་གནོན་རོགས། http://goo.gl/ioBnGi


འཕྲིན་སྟེགས་ (wechat service) འདི་ནི་ཁམས་ཀྱི་གྲོགས་འགུ་དྲག་གིས་འགན་ལེན་ཆ་ཚང་བྱས་པ་དང་ཨ་མདོའི་གྲོགས་པོ་སི་མཱ་སྐོར་ལྷུན་འགྲུབ་ཀྱིས་ལག་རྩལ་སྤྱད་པ་སོགས་ཕན་གྲོགས་གནད་སྨིན་བྱུང་བའི་གྲུབ་འབྲས་ཤིག་ཡིན་ལ། རང་གིས་ཀྱང་ངལ་བ་གང་མང་བྱས་འབྲས་སུ་འདི་ཉིད་ལེགས་གྲུབ་བྱུང་།

ད་སྐབས་འཕྲིན་སྟེགས་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང་རེ་ཟུང་ལས་ཡོད་ཚད་རྣམ་པ་མི་འདྲ་གང་ཡང་མི་འདུག་ལ་ལྷག་པར་དུ་ཆེས་མཁོ་རྒྱུག་དང་དགོས་གལ་ཆེ་བའི་གློག་ཀླད་དང་ཁ་པར་སོགས་ཀྱི་དགོས་མཁོའི་ཤེས་བྱ་ཆེད་སྤེལ་བྱེད་ས་ཞིག་མི་འདུག་པས་གུས་པས་བོད་ཡིག་གི་ལམ་ནས་མཉེན་ཆས་མཚམས་སྦྱོར་དང་གློག་ཀླད་དང་ཁ་པར་གྱི་མ་ལག་སྤྱོད་སྟངས་སོགས་གསར་སྤེལ་བྱེད་ས་ཞིག་ཡོད་ན་ཕན་ངེས་སྙམས་ནས་འཕྲིན་སྟེགས་འདི་གསར་སྒྲུབ་བྱས།

དེ་ལྟ་ནའང་ཕྲན་ལ་གུང་སེང་ཉིན་མོ་མ་གཏོགས་སློབ་གཉེར་གྱི་བར་གསེང་དུ་དུས་ཚོད་མེད་པ་དང་། འཕྲིན་སྟེགས་ནས་རྩོམ་ཡིག་གསར་སྤེལ་བྱེད་དགོས་ན་གློག་ཀླད་སྤྱོད་དགོས་པ་ལས་ཁ་པར་ནས་སྟབས་བདེ་མི་འདུག་པས་དྲ་ཁང་དུ་འཛུལ་དགོས་སྟབས་འཕྲིན་གྲོགས་དག་ལ་ཕན་ཐོག་རྒྱ་ཆེན་ཞིག་འབྱུང་བ་དཀའ་བ་འདུག དེར་བརྟེན་གློག་ཀླད་དང་མཉེན་ཆས་རིགས་བོད་ཡིག་གི་ལམ་ནས་ཆེད་སྤེལ་བྱེད་སའི་དྲ་ཚིགས་གཙོ་གཉེར་བ་བསོད་ནམས་ཟླ་བ་ལ་རང་གིས་འབོད་སྐུལ་བྱས་པས་ཁོང་གིས་ཀྱང་ཁས་ལེན་བྱས་སོང་བས་སླད་ནས་ཁོང་དང་མཉམ་འབྲེལ་གྱིས་《བོད་མཉེན་འཕྲིན་སྟེགས》འདི་གཙོ་གཉེར་བྱེད་རྩིས་ཡོད་པས་ཀློག་པ་པོ་དག་གིས་དགོངས་པར་མངའ་བར་འཚལ།

《བོད་མཉེན་འཕྲིན་སྟེགས་》ཀྱི་སྔོན་འགྲོའི་ཚབ་ཏུ་སྲོང་བཙན་གྱིས།

གླུ་གཞས་ཕབས་ལེན་དང་ཉན་ཆས། www.duomi.com

 

www.duomi.com ནི་གླུ་གཞས་དྲ་ཚིགས་ཤིག་ཡིན། དྲ་ཚིགས་དེ་རྒྱུད་ནས་ཁྱེད་ཀྱི་གློག་ཀླད་དང་ལག་ཐོག་ཁ་པར་ཚང་མའི་ནང་བླུགས་རྒྱུ་ཡོད་པའི་གླུ་གཞས་ཉན་ཆས་ཀྱི་མཉེན་ཆས་ཕབས་ལེན་བྱེད་རྒྱུ་ཡོད། དྲ་ཚིགས་དང་དམིགས་བསལ་གྱི་མཉེན་ཆས་དེ་རྒྱུད་དེ་གླུ་གཞས་གསར་རྙིང་ཁྲི་མ་འབུམ་དང་དེ་དག་ཉན་ཐུབ་པ་དང་ཐད་ཀར་ཕབས་ལེན་བྱེད་པའམ་ཉན་ཞོར་དུ་ཕབས་ལེན་ཡང་བྱེད་ཐུབ། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་གཅིག་ནི་ཉན་བཞིན་པའི་གླུ་གཞས་དེའི་ཚིག་རྣམས་མཉམ་དུ་འཆར་ཐུབ། མ་ཟད་གླུ་གཞས་དེ་བཏང་མཁན་དང་། གླུ་གཞས་ཀྱི་ཆེད་བསྒྲིགས་གང་ཡིན་མིན་ཐ་དག་ཁ་གསལ་བལྟ་རྒྱུའང་ཡོད་འདུག །གླུ་གཞས་ཉན་ཆས་ཀྱི་མཉེན་དེ་འདྲ་གཞན་ཡང་ཡོད་པས་བསམ་ཚུལ་གནང་བར་དགའ་བསུ་ཞུ།


wechat v5.2 Discover གྲོགས་འབྲེལ་ལག་ཆ་བཞི།

 

འཕྲིན་ཕྲན་ (weChat) ནི་རྒྱ་ནག་ནས་བཟོས་པའི་དྲ་གྲོགས་ཞབས་ཞུའི་མཉེན་ཆས་སྐད་གྲགས་ཅན་ཞིག་ཡིན་པ་དང་། མི་ཚང་མའི་ལག་ཐོག་ཁ་པར་ནང་མཉེན་ཆས་དེ་ནང་འཇུག་མ་བྱེད་པ་མེད། མི་ཕན་ཚུན་བར་རྒྱང་ཐག་ཇི་ལྟར་ཡོད་རུང་བརྙན་ཡིག་པར་སྐད་སོགས་གང་འདོད་ལྟར་བསྐུར་བདེ་བ་དང་ལམ་སེང་འབྱོར་ཐུབ་ནི་གྲོགས་སྤུན་དང་མི་ཕན་ཚུན་བར་གྱི་འབྲེལ་ལམ་བཟོ་བའི་ཟམ་པ་ཞིག་ཏུ་འགྱུར་ཡོད། ད་ཆ་འཕྲིན་ཕྲན་ཐོན་རིམ་ v5.2.1 དེ་གའི་ནང་ཁྱད་ཆོས་གསར་བསྣོན་བྱུང་ནས་རྒྱལ་ཕྱི་རྒྱལ་ནང་དུ་ཚོང་ཟོགས་དང་། ཤེས་རིག་དར་སྤེལ་གཏོང་ཆེད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུའང་ལག་བསྟར་བྱེད་བཞིན་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་ཡིན། དཔེར་ན་ BBC གསར་འགྱུར་ལས་ཁང་གིས་weChat དང་ whatApp སྤྱད་ནས་ད་ལྟ་འགྲོ་བཞིན་པའི་རྒྱ་གར་འོས་བསྡུའི་གནས་ཚུལ་རྣམས་མི་མང་ལ་ཤེས་རྟོགས་སྤེལ་གྱི་ཡོད་པ་དང་མི་མང་དང་བསམ་ཚུལ་རྗེས་རེས་བྱེད་ཀྱི་ཡོད། ང་ཚོ་བོད་མི་བཙན་བྱོལ་སྤྱི་ཚོགས་ནང་འཕྲིན་ཕྲན་བེད་སྤྱོད་བྱེད་ཕྱོགས་དང་དེའི་ཕན་གནོད་སྐོར་རྩོད་གླེང་མང་དག་ཞིག་ཡོང་གི་ཡོད་ཀྱང་། ངའི་བསམ་པར་བེད་སྤྱོད་བཏང་ཤེས་ན་སྡུག་སྨན་དུ་ཡང་འགྱུར་བའི་དཔེ་ལྟར་རྒྱ་ནག་གི་བཟོས་པའི་མཉེན་ཆས་དེས་བོད་དོན་ལ་ཕན་པའི་ལས་འགུལ་གསར་པ་ཞིག་སྤེལ་ཐུབ། དཔེ་མཚོན་གཅིག་བཤད་ན། རྒྱ་ནག་གཅིག་པོའི་ནང་འཕྲིན་ཕྲན་སྤྱད་མཁན་གྱི་གྲགས་འབོར་ནི་ 354,000,000 ལྷག་ཟིན་གྱི་ཡོད། བཙན་བྱོལ་གཞུང་ནས་རྒྱ་ནག་མི་མང་དང་བློ་དྲིས་དང་བོད་ཀྱི་བདེན་དོན་གསལ་བཤད་བྱེད་པའི་སྡིངས་ཆ་དང་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཆགས་ཐུབ། དེ་ནི་ངའི་སྒེར་གྱི་བསམ་ཚུལ་ཙམ་ལས་སྐབས་སུ་འབབ་པ་དེ་དོན་ཆད་དགོས་པ་མ་མཐོང་།

ང་ཚོས་གྲོགས་སྤུན་དང་འབྲེལ་བ་བཞག་སྐབས་ལག་ཐོག་ཁ་པར་གྱི་ཨང་ཀི་ལེན་པ་ལས་འཕྲིན་ཕྲན་གྱི་ཁ་བྱང་ལེན་རྒྱུར་སྟབས་བདེ་བ་ཆགས་ཡོད། སྤྱིར་བཏང་ WhatApp དང་ LINE སོགས་མཉེན་ཆས་གཞན་སྤྱོད་རྒྱུ་ཡོད་ཀྱང་འཕྲིན་ཕྲན་ལ་དམིགས་བསལ་གྱི་ཁྱད་ཆོས་མང་དག་ཞིག་མཐོང། ངའི་བསམ་པར་མི་ཚོས་འཕྲིན་ཕྲན་ལ་དགའ་མོས་དེ་ཙམ་བྱེད་དགོས་དོན་ཡང་རྒྱུ་མཚན་མེད་པ་རེད་མིན་འདུག །དེ་རིང་གུས་པས་འཕྲིན་ཕྲན་སྤྱོད་པའི་སྐབས་གྲོགས་འབྲེལ་བྱེད་པའི་འཕྲིན་ཕྲན་གྱི་འདེམས་ག་ཡག་པོ་བཞི་ཡོད་བ་དེ་དག་ངོ་སྤྲོད་ཅིག་བྱེད་འདོད། དེ་དག་ནི། ཁྱུག་ཙམ་ (moment) དང་། ཉེ་འཁྲིས་ཀྱི་མི། (People Near),  སྤྲུག (Shake), འཕྱོ་དམ་ (Drift Bottle) བཅས་ཡིན།

རྒྱུན་པར་འཕྲིན་ཕྲན་ (wechat) སྤྱོད་མཁན་ཞིག་ཡིན་ན་དེ་ཚོའི་བྱེད་ལས་ཧ་གོ་ངེས། གལ་ཏེ་གོང་འཁོད་འཕྲིན་ཕྲན་གྱི་ལག་ཆ་གསུམ་པོ་བེད་སྤྱོད་བཏང་མ་མྱོང་བའམ་བེད་སྤྱོད་གང་ཡོད་གསལ་པོ་མཁྱེན་འདོད་ན་གཤམ་དུ་རྒྱས་མིན་བསྡུས་མིན་དུ་བྲིས་པའི་འགྲེལ་བཤད་ལ་གཟིགས་རོགས། འདེམས་ག་དེ་དག་ Discover ཞེས་པའི་སྡེ་ཚན་ཁོངས་སུ་འཇོག་ཡོད།

Moment: སྡེ་ཚན་དེའི་བྱེད་ལས་ནི་ངོ་དེབ་ (facebook) དང་། weibo ལྟར་རང་ཉིད་ཀྱི་ཉིན་རེའི་བྱ་བ་དང་བསམ་ཚུལ། མཐོང་སྣང་དང་འཚོར་སྣང་སོགས་པར་དང་ཡི་གེ་བཀོད་དེ་རང་གར་སྤེལ་མཆོག འཕྲིན་ཕྲན་ནང་གི་གྲོགས་ཕོ་མོས་མཐོང་ཐུབ་པ་དང་རང་ཉིད་ཀྱི་སྤེལ་བའི་བསམ་ཚུལ་ལ་དགའ་མོས་སམ་མཆན་སྤེལ་བ་སོགས་བྱེད་ཐུབ།

People Nearby (Look Around) : དེ་ནི་རང་ཉིད་ཀྱི་གནས་སའི་ཉེ་འཁོར་དུ་འཕྲིན་ཕྲན་སྤྱོད་མཁན་སུ་དང་སུ་ཡོད་མེད་སྟོན་ཐུབ་པ་དང་ཁོང་ཚོ་དང་བཀའ་མོལ་ལམ་གྲོགས་པོ་བསྒྲིགས་རྒྱུ་ཡོད། འདེམས་ག་དེ་བེད་སྤྱོད་གཏོང་ཐུབ་ཆེད་ Location Service དེ་ངེས་པར་དུ་ ON བྱེད་དགོས།

Shake : གོང་ལྟར་གྲོགས་བསྒྲིགས་བྱེད་པར་རང་དང་མི་གཞན་ཞིག་དུས་གཅིག་ལ་ལག་ཐོག་ཁ་པར་གཡུག་གཡུག་བཏང་མཁན་བྱུང་ན་ཕན་ཚུང་ངོ་སྤྲོད་བྱེད་རོགས་བྱེད་ཀྱི་ཡོད། ངོ་སྤྲོད་བྱུང་མཚམས་འཕྲིན་ཐུང་སྐུར་བའམ། ཡང་ན་མུ་ཐུད་ཁ་པར་གཡུག་གཡུག་བཏང་ནས་རྩད་འཚོལ་བྱེད་ན་འགྲིགས།
Drift Bottle : འཕྲིན་ཐུང་ངམ་སྐད་ཆ་ཞིག་ཤེལ་དམ་ནང་བླུགས་ནས་རྒྱ་མཚོའི་ནང་གཡུག །མི་གཞན་གྱིས་དེ་རྙེད་ན་ལན་འདྲ་བསྐུར་ངེས། ཡང་ན་མི་གཞན་གྱིས་གཡུག་པའི་སྐད་ཆ་དང་འཕྲིན་ཡིག་རྙེད་ན་དེར་ལན་འདེབས་བྱེད་ན་འགྲིགས། རྩེད་མོ་དེ་ནི་ཧ་ཅང་སྙིང་རྗེ་པོ་འདུག །གང་ལགས་ཟེར་ན་ཤེལ་དམ་ནང་འཕྲིན་ཐུང་གཡུག་མཁན་དང་། དེར་ལན་རྒྱབ་མཁན་གཉིས་བར་ངོ་མ་ཤེས་ནའི་དགོད་འཚར་ཆེན་པོས་སྐད་ཆ་དང་འབྲེལ་རྒྱུ་འདུག

འདེམས་ག་དེ་དག་ནི་ whatApp དང་ Line སོགས་གཞན་ལ་མེད་པའི་ཁྱད་ཆོས་ཡིན་པ་དང་། དེ་མིན་འཕྲིན་ཐུང་དང་། སྐད་བསྐུར། པར་གཏོང་། བརྙན་གཏོང་སོགས་གཞན་དང་འདྲ་བ་སྔོན་ཚུད་ནས་ཡོད། འཕྲིན་ཕྲན་ནི་ད་ཆ་ iphone དང་ android ,  windowPhone, symbian , Blackberry ཁ་པར་དེ་བཞིན་གློག་ཀླད་ངོས་ནས་ཀྱང་ཁ་འབྱེད་ཐུབ།