བྷང་ལ་དྷེ་ཤི་དང་། མཱ་ཡི་མར། ཝེཊ་ནམ། ཐཱ་ཡེ་ལེནྜ་བཅས་ཀྱིས་གུ་གུལ་ཡིག་བསྒྱུར་སྒྲུབ་པ།

 
ཐཱ་ཡེ་ལེནྜ་སྐད་ཡིག་བཅུག་བཞིན་པ། Siam University International College
ཁྱེད་ཀྱི་རླུང་བུ་གཏོལ་མྱོང་ངམ། སྟོན་པའི་སྐུ་ལ་གསེར་གྱི་ལོ་མ་སྒྲོན་མྱོང་ངམ། ཡང་ན་ཟླ་བ་སྦར་མཐིལ་དུ་སླེབས་མྱོང་ངམ།

ཝེཊ་ནམ་དང་། ཐཱ་ཡེ། བྷེང་ག་ལི། འབར་མའི་སྐད་མི་ཤེས་མཁན་ཞིག་གིས་ཕལ་ཆེར་ངས་གཏོལ་མྱོང་དང་བྱས་མྱོང་ཡོད་ལབ་སྲིད། འོན་ཀྱང་བརྗོད་པ་དེ་དག་ལ་དོན་གཞན་ཞིག་ལ་གོ་ཡི་ཡོད། ཟླ་བ་གཅིག་གོང་རོལ་དུ་བྷང་ལ་དྷེ་ཤི་དང་། མཱ་ཡི་མར།  ཝེཊ་ནམ། ཐཱ་ཡེ་ལེནྜ་ ནང་《སྐད་ཡིག་ལ་དགའ་ཞེན》 ཞེས་པའི་ལས་འཆར་ཞིག་གཏོད་ཡོད། ལས་འཆར་དེའི་དམིགས་ཡུལ་ནི་དྲ་རྒྱའི་ནང་རྒྱལ་ཁབ་གཞན་ལྟར་རང་གི་སྐད་ཡིག་ལ་ཆེ་མཐོང་དང་སྤྱོད་སྒོ་འདྲ་མཚུངས་སླེབས་ཐུབ་པ་བྱེད་རྒྱུའི་དམིགས་ཡུལ་འོག་ཡིག་བསྒྱུར་གྱི་ཡོ་ལང་ཞིག་འཚོགས་ཡོད། གུ་གུལ་ཡིག་བསྒྱུར་གྱི་ཡོ་ལངས་ཐེངས་དང་པོ་དེའི་རྒྱུད་ནས་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ཐོག་བརྗོད་པ་དེ་དག་གི་གོ་དོན་རྣམས་ལེགས་སུ་རྟོགས་ཐུབ་པ་བྱུང་ཡོད། (ཝེཊ་ནམ་གྱི་མི་ཚོས་ཕན་ཚུན་ཁ་བརྡ་བྱེད་པ་ལ་རླུང་བུ་གཏོལ་ནས་བསྡད་ཡོད་ཟེར་བ་དང་། ཐཱ་ཡེ་ལེནྜ་གྱི་མི་ཚོས་གཞན་དོན་གྱི་དགེ་ལས་བྱས་ན་ངས་དེ་རིང་སྟོན་པའི་སྐུ་ལ་གསེར་གྱི་ལོ་མ་སྒྲོན་ཡིན་ཟེར་བཤད་སྲོལ་ཡོད། བྷང་ལ་དྷེ་ཤི་གྱི་མི་ཚོས་ཟླ་བ་སྦར་མཐིལ་ནང་ལ་སླེབས་བྱུང་ཟེར་དུས་སོ་སོ་ལ་ཅ་དངོས་ཁྱད་པར་ཅན་ཞིག་ཐོབ་པ་ལ་གོ་གི་ཡོད།)

གུ་གུལ་ཡིག་བསྒྱུར་ཞབས་ཞུས་སྐད་ཡིག་དགུ་བཅུ་ལྷག་གི་སྐད་ཡིག་སྒྲིག་འཇུག་བྱེད་ཡོད་པ་དང་སྐད་ཡིག་དེ་དག་ནང་ཁུལ་ཡིག་བསྒྱུར་ཐུབ་ཀྱི་ཡོད། དེའི་ཁུངས་སུ་མེད་པའི་ མཱ་ཡི་མར།  ཝེཊ་ནམ། ཐཱ་ཡེ་ལེནྜ་ བྷང་ག་ལའི་སྐད་ཡིག་ལ་ཡིག་བསྒྱུར་གྱི་ཞབས་ཞུ་དེ་བེད་སྤྱོད་དེ་ཙམ་ཡོང་གི་མེད།

རྒྱུ་མཚན་དེ་ལ་བརྟེན་ནས་ Translate Community ཞེས་པའི་ཞབས་ཞུ་དེ་སླེབས། སྐད་ཡིག་འདྲ་མིན་སྤྱོད་མཁན་ཡོངས་ལ་སོ་སོའི་སྐད་ཡིག་གསར་སྣོན་དང་མིང་ཚིང་ཡིག་བསྒྱུར་བྱེད་པའི་ཐུབ་པའི་མཐུན་རྐྱེན་བསྐྲུན་པ་རེད།
དེ་ལོ་ 2015 ཟླ་ 2 ཚེས་ 21 འཛམ་གླིག་སྐད་ཡིག་ཉིན་མོ་སྲུང་བརྩི་དང་བསྟུན་མི་གྲངས་ཁྲི་ཚོ་ལྔ་ཙམ་རང་རང་གི་གཙུག་ལག་སློབ་གཉེར་ཁང་དུ་དུས་གཅིག་ཏུ་དྲ་ཐོག་དུ་ མཱ་ཡི་མར།  ཝེཊ་ནམ། ཐཱ་ཡེ་ལེནྜ་ བྷང་ག་ལའི་སྐད་ཡིག་བསྒྱུར་འགོ་བཙུགས་པ་རེད། དེ་ནས་བཟུང་དུས་ཚོད་དང་ས་གནས་དྲ་མིན་དུ་ཡིག་བསྒྱུར་ཐེངས་བརྒྱ་ཕྲག་ཚོགས་ཡོད་པ་དང་། ཡིག་འབྲུ་ས་ཡ་བཅུ་ལས་མང་བ་སྣོན་ཟིན།

ལས་འཆར་དེ་ཡིས་ད་ལྟའི་ཆར་ཁྱད་པར་ཆེན་པོ་བཟོས་ཡོད། བྷང་ག་ལའི་སྐད་ཡིག་ལྟ་བུར་ཆ་མཚོན་ན། གུ་གུལ་དྲ་ཐོག་ཡིག་བསྒྱུར་བྱས་པ་དེ་མིས་ཡིག་བསྒྱུར་བྱས་པ་ལས་ལྡབ་གཉིས་ཀྱི་ལེགས་པ་ཆགས་ཡོད། དེ་བཞིན་ཐཱ་ཡེ་ལེནྜ་ཀྱིས་ཉིན་བདུན་གྱི་ནང་བཅུག་པའི་མིང་ཚིག་གྲངས་ནི་ 2014 ཕན་ཆད་ཀྱི་མིང་ཚིག་ལས་མང་བ་བྱུང་ཡོད།

གཤམ་དེར་ཟླ་བ་སྔོན་མའི་ནང་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ཐོག་མིང་ཚིག་བསྒྱུར་བའི་རི་མོ་རེད། ཕྱི་ཟླ་ 3 ཚེས་ 26 ཉིན་བྷང་ལ་དྷེ་ཤི་རང་བཙན་ཉིན་མོར་གྲངས་ཚད་མཐོ་ཤོས་བྱུང་ཡོད། ཆུ་ཚོད་ 24 ནང་ཡིག་བསྒྱུར་གྱི་མིང་ཚིག་བཀོད་ཚད་མཐོ་ཤོས་དེ་ཆགས་ཡོད།
Google Translate Community ཞབས་ཞུའི་སྟེང་སྤྱིར་བཏང་བཀོལ་སྤྱོད་ཆེ་བའི་མིང་ཚིག་དང་། རོལ་མོ། གཞས་ཚིག ཁྲིམས། ཚན་རྩལ་སོགས་ཀྱི་མིང་ཚིག་ཅི་རིགས་ཤར་བ་ངེས་པ་དང་། དེ་དག་ལ་སོ་སོའི་སྐད་ཡིག་ནང་ཇི་ལྟར་འབྲི་དགོས་པའི་འབྲི་ས་ཡོད་པ་ཞིག་ཡིན།
གུ་གུལ་ཡིག་བསྒྱུར་ནང་ཝེཊ་ནམ་སྐད་ཡིག་བཅུག་བཞིན་པ། University of Technology in Ho Chi Minh City
སྐབས་རེ་དྲ་ཐོག་ཏུ་ཡོད་པ་དང་དྲ་ཐོག་ཏུ་མེད་པའི་འཇིག་རྟེན་གཉིས་ཐ་དད་དུ་སྣང་སྲིད། དོན་དངོས་ཐོག་དེ་ལྟར་མིན། སྐད་ཡིག་ལ་དགའ་ཞེན་ཞེས་པའི་ལས་འཆར་འོག་མཉམ་རུབ་བྱེད་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ཁྱེད་རྣམ་པའི་སེམས་ཤུགས་དང་འབད་བརྩོན་ལ་བརྟེན་ནས་སྨད་དྷ་ཀཱ་(Dhaka)ནས་སྟོད་ཐཱ་ཡེ་ལེནྜ་(Thailand)བར་གྱི་མི་མང་ཡོངས་ཀྱིས་ད་ནས་བཟུང་རྒྱལ་ཁབ་གཞན་གྱི་སྐད་ཡིག་ནང་དུ་ཡོད་པའི་དྲ་རྒྱ་ཡོད་དོ་ཅོག་སོ་སོའི་སྐད་ཡིག་ཐོག་ཀློག་ཐུབ་པ་ཆགས་ཡོད།
དེར་བརྟེན་གུ་གུལ་ཡིག་བསྒྱུར་གྱི་ཞབས་ཞུ་བཀོལ་སྤྱོད་ཇི་ཙམ་བྱེད་ཐུབ་པ་དེ་ཙམ་གྱིས་ཡིག་བསྒྱུར་གི་སྤུད་ཚད་ནི་གོང་ནས་གོང་དུ་འགྲོ་རྒྱུ་ལས་མ་འདས།

དེ་སྔོན་ཟླ་བའི་ནང་འབར་མ་དང་རྒྱལ་ཁབ་མང་པོས་གུ་གུལ་ཡིག་བསྒྱུར་དུས་གཅིག་ལ་བྱེད་རྒྱུའི་ཆོད་སེམས་དང་ལས་འཆར་བཟོས་ཡོད་པ་དེ་སྐོར་བཀོད་འདོད་བྱུང་། དེ་བརྟེན་རྩོམ་ཡིག་དེ་བསྒྱུར་ནས་འདིར་བཀོད་པ་ཡིན། ངའི་རེ་བར་སྐད་ཡིག་ལ་གདུང་ཞེན་ཡོད་ཟེར་ན། གཞུང་དང་ཚོགས་པ་སྒེར་སོགས་ནས་གྲུབ་འབྲས་ཐོན་རྒྱུ་ཡོད་པའི་ལས་གཞི་དེ་ལྟ་བུ་གྲུབ་རྒྱུ་འབད་རྩོན་བྱེད་དགོས་ངེས་སེམས།

གུ་གུལ་དང་ཁྱེད་ཀྱི་ཨན་ཌོའི་ཁ་པར།

 
དེའི་བདུན་ཕྲག་ཁ་ཤས་ནང་གུ་གུལ་གྱིས་རང་གི་འཚོལ་བཤེར་དྲ་བའི་ཐོག་ཁ་པར་དང་འབྲེལ་མཐུད་ཐུབ་པའི་མཐུན་རྐྱེན་གསར་པ་མང་པོ་ཞིག་བསྐྲུན་ཡོད། དཔེར་ན་གུ་གུལ་འཚོལ་བཤེར་བྱེད་སའི་སྟེང་“find my phone”ཞེས་བཀོད་ནས་རང་ཉིད་ཀྱི་ཁ་པར་ས་གནས་གང་དུ་ཡོད་མེད་འཚོལ་ཐུབ་པ་དང་། དྲ་ཐོག་ནས་ཁ་པར་སྟེང་འཕྲིན་ཐུང་བསྐུར་བ། དྲིལ་བརྡ་གཏོང་བ་སོགས་བྱེད་ཐུབ།

དེ་དག་ཡོང་ཐུབ་པར་ངེས་པར་དུ་གུ་གུལ་གྱི་དྲ་མྱུལ་མཉེན་ཆས་གུ་གུལ་ཁཱོ་རོམ་སྤྱོད་དགོས། མཐུན་རྐྱེད་དེ་དག་ལས་ཁ་ཤས་ཤིག་ཨ་རིའི་ས་གནས་ཁོ་ན་ལས་ཡོང་གི་མིན་འདུག །དེར་བརྟེན་ད་ལྟ་སྐབས་ཕྲལ་རིང་ཡོང་ཐུབ་ཆེད་འཚོལ་བཤེར་བྱེད་ཟིན་པའི་དྲ་ཐག་གི་མཐའ་དེར་ &gl=us བསྣོན་ནས་བལྟ་ན་ཨ་རིའི་ས་གནས་མིན་པའི་དྲ་མི་ཚོས་ཚོད་ལྟ་ཐུབ།

གུ་གུལ་འཚོལ་བཤེར་བྱེད་ས་ནས་ཁ་པར་བཙལ་སྟངས།

གུ་གུལ་འཚོལ་བཤེར་བྱེད་སའི་ཐོག་ཐད་ཀར་ “find my phone” བཀོད་དང་། ཁྱེད་ཀྱི་ཁ་པར་མིང་དང་། ཁ་པར་གྱི་ས་གནས་མཐའ་མ་དེ་མངོན་ཐུབ་པ་། དེ་བཞིན་ཁ་པར་གྱི་དྲིལ་དཀྲོལ་རྒྱུ་ཡོད། ཐེངས་དང་པོ་བེད་སྤྱོད་བྱེད་པའི་སྐབས་ཕལ་ཆེར་གུ་གུལ་གྱི་གློག་འཕྲིན་ཁ་བྱང་དང་གསང་ཨང་བཀོད་དགོས། དེ་ལྟར་ཁ་པར་དང་རང་གི་གུ་གུལ་ཁ་བྱང་གཉིས་འབྲེལ་བ་བཟོས་ཟིན་ན། མ་འོངས་ཁྱེད་ཀྱིས་ཁ་པར་བརླག་དོར་ཤོར་བ་འདྲ་བྱུང་ན། ཁ་པར་བཙལ་ཐུབ་རྒྱུ་དང་། རྐུན་པོས་ཁ་པར་ནང་གང་བྱུང་མ་བྱས་པའི་སླད་ཁ་པར་ངོས་སུ་གསང་ཨང་དམ་པོ་བཀོད་དེ་བེད་སྤྱོད་བཏང་མི་ཐུབ་པ་བཟོ་བ། དེ་བཞིན་འུ་ཐུག་ན་བརླག་དོར་ཤོར་བའི་ཁ་པར་ནང་གི་ཡིག་ཆ་མ་ལུས་གཙང་གསུབ་གཏོང་ཐུབ་པ་བཅས་ཡོད། སྐབས་རེ་སོ་སོའི་ནང་ལ་ཁ་པར་མ་རྙེད་ན་དྲིལ་བརྡ་གཏོང་བཅུག་ནས་རྙེད་ཐབས་བྱེད་ཡག་ལ་ཡང་ཡག་པོ་ཡོང་ས་རེད།

སོ་སོར་ཡིག་ཆུང་བཏང་།

གུ་གུལ་འཚོལ་བཤེར་བྱེད་སའི་སྟེང་ ‘note to self’ བཀོད་དང་། དེས་འཚོལ་བཤེར་བྱེད་སའི་དྲ་ཚིགས་དེ་རང་ནས་སོ་སོའི་ཁ་པར་སྒང་ལ་ཡིག་ཆུང་བཏང་ཐུབ། དེའི་དམིགས་བསལ་དགོས་མཁོ་དང་བེད་སྤྱོད་གཙོ་བོ་དེ་དང་དེ་རེད་ཟེར་ཏེ་ངས་བཤད་ཐུབ་ཀྱི་མིན་འདུག །འོན་ཀྱང་ངས་མཐུན་རྐྱེན་དེ་སྤྱད་དེ་དྲ་ཚིགས་ཁ་བྱང་རིང་པོ་དང་། སྡོད་གནས་ཁ་བྱང་རིང་པོ་དེ་དག་ཁ་པར་སྟེང་བརྒྱག་རྒྱུའི་འཚབ་དུ་གུ་གུལ་འཚོལ་བཤེར་བྱེད་ས་ནས་སོ་སོར་ཡིག་ཆུང་བཏང་གི་ཡོད། ཕལ་ཆེར་བེད་སྤྱོད་བཏང་སྟངས་དེ་འདྲ་མིན་འགྲོ།

དུས་བཀག་དྲིལ་བརྡ་སྒྲིག་པ།

གུ་གུལ་འཚོལ་བཤེར་བྱེད་སའི་སྟེང་‘set an alarm’ ཞེས་བཀོད་ན། སྔ་དགོང་གྱི་དུས་བཀག་དྲིལ་བརྡ་སྒྲིག་ཐུབ་པའི་མཐུན་རྐྱེན་ཞིག་ཡིན། སྤྱིར་བཏང་ཁ་པར་ནང་དུ་སྒྲིག་རྒྱུ་ཡོད་ཀྱང་། དེར་འདེམས་ཀ་གསར་པ་ཞིག་རགས་པ་འདྲ་པོ་རེད།

དྲན་ཐོ་དུས་བཀག་བྱེད་པ།

ལས་འབྲེལ་ཆེ་བའི་མི་ཚོས་དྲན་ཐོ་རྒྱག་རྒྱུ་དང་། དྲན་ཐོར་དུས་བཀག་བཟོས་ཏེ་དུས་ཚུད་ཏག་ཏག་ལ་དྲིལ་བསྒྲོགས་བཅུག་གི་ཡོད། དེ་དག་ཁ་པར་རང་གི་ནང་དུ་བཟོ་རྒྱུ་ཡོད་ལ། ད་རེས་གུ་གུལ་གྱི་འཚོལ་བཤེར་དྲ་བའི་སྟེང་དུ་‘set a reminder’ བསྐྱོན་ན་བཟོ་རྒྱུའི་མཐུན་རྐྱེན་བསྐྲུན་འདུག

སྨོན་ལམ་ཟབ་སྦྱོང་། A04

 

སློབ་ཁྲིད་ཀྱི་ནང་དོན།

བརྙན་ཟློས་འདིའི་ནང་། དཔེ་དེབ་ཀྱི་ཚད་གཞི་འཛིན་སྟངས་གཉིས་དང་། Book Standard Size: Small (5.5X8.5) inch དང་ Big (6.25X9.5) inch མདོར་ཙམ། དཔེ་དེབ་བཟོ་སྐབས་གཤམ་གྱི་ལག་ཆ་རྣམས་ཀྱི་སྐོར་སྟོན་ཡོད།
  • body text
  • Paragraph Style for body text
  • Paragraph Style Option
    • Tab...indent first line of all paragraph
  • Sub-Heading Style

བརྙན་ཟློས་འདི་ནི། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ཚེས་ ༢༦ ནས་ ཟླ་ ༣ ཚེས་ ༤ བར། སྐུ་ཞབས་སྨོན་ལམ་གྱིས་བོད་ཡིག་དང་འབྲེལ་བའི་དཔེ་དེབ་ཇུས་འགོད་ཟབ་སྦྱོང་ཞིག་སྐོར་རེད་འདུག །བརྙན་ཟློས་དེ་བོད་ཡིག་དཔེ་དེབ་དང་ indesign ནང་ལས་ཀ་བྱེད་མཁན་ཡོངས་ལ་ཕན་ཐོག་ཆེན་པོ་མཐོང་བས། དེ་དག་དྲ་སྟེང་དུ་སྤེལ་ཏེ་ཀུན་ལ་ཕན་པའི་རེ་བ་ཡོད། གློག་གླད་ཀྱི་བརྙན་ཟློས་ཆ་ཚང་ཡུ་ཊུབ་དྲ་གནས་ཐོག་ཡོད། འདིར་གནོན།

སྨོན་ལམ་ཟབ་སྦྱོང་། A03

 

སློབ་ཁྲིད་ཀྱི་ནང་དོན།

བརྙན་ཟློས་འདིའི་ནང་། དཔེ་དེབ་ཀྱི་ཚད་གཞི་འཛིན་སྟངས་གཉིས་དང་། Book Standard Size: Small (5.5X8.5) inch དང་ Big (6.25X9.5) inch མདོར་ཙམ། དཔེ་དེབ་བཟོ་སྐབས་གཤམ་གྱི་ལག་ཆ་རྣམས་ཀྱི་སྐོར་སྟོན་ཡོད།
  • Align Object
  • Creating Section Marker
  • Page No.
  • Placing Text
  • Using Text Formatting Tool
  • Character Style
  • Paragraph Style
    • Paragraph Style Options
    • Advance Character Formats
    • Indents and Spacing

བརྙན་ཟློས་འདི་ནི། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ཚེས་ ༢༦ ནས་ ཟླ་ ༣ ཚེས་ ༤ བར། སྐུ་ཞབས་སྨོན་ལམ་གྱིས་བོད་ཡིག་དང་འབྲེལ་བའི་དཔེ་དེབ་ཇུས་འགོད་ཟབ་སྦྱོང་ཞིག་སྐོར་རེད་འདུག །བརྙན་ཟློས་དེ་བོད་ཡིག་དཔེ་དེབ་དང་ indesign ནང་ལས་ཀ་བྱེད་མཁན་ཡོངས་ལ་ཕན་ཐོག་ཆེན་པོ་མཐོང་བས། དེ་དག་དྲ་སྟེང་དུ་སྤེལ་ཏེ་ཀུན་ལ་ཕན་པའི་རེ་བ་ཡོད། གློག་གླད་ཀྱི་བརྙན་ཟློས་ཆ་ཚང་ཡུ་ཊུབ་དྲ་གནས་ཐོག་ཡོད། འདིར་གནོན།

ཧི་མ་ལ་ཡའི་རྒྱལ་སྲས།

 

གློག་བརྙན་མིང་། : ཧི་མ་ལ་ཡའི་རྒྱལ་སྲས། (Prince of the Himalayas)
དུས་ཡུན: ཆུ་ཚོད་ 1 སྐར་མ་ 48
སྐད་ : བོད་སྐད།
འཁྲབ་ཁྲིད་པ། ཤེར་འུཌ་ ཧཱུ་ (Hu Xuehua)
འཁྲབ་སྟོན་པ། ཚེ་རིང་དོན་གྲུབ། 《ཧོར་ཤུ》 བདེ་ཆེན་སྒྲོལ་མ། 《མོ་ཆང་སྐྱིད།》 སྟོབས་རྒྱལ། 《ཁུ་ལོ་ངམ་》 བློ་ལྡན། 《སྤོ་ལྷ་ཉི་》  བློ་བཟང་ཆོས་འཕེལ། 《བཙན་པོ།》 ཨོ་མ། 《ཨ་ཅེ་གསེར་རྒྱལ།》 ཕུར་པ་རྒྱལ། 《ལྷ་མོ་བློ་ལྡན།》 བསོད་ནམས་སྒྲོལ་དཀར། 《ཨོད་ས་གླུ་དབྱངས།》 བཀྲ་ཤིས། 《ལེ་གསར།》 འཛོམས་སྐྱིད། 《གནམ།》

ཝི་ལི་ཡམ་ ཤེཀྶ་བྷི་ཡ་ (William Shakespeare) གི་གྲགས་ཅན་བརྩམས་སྒྲུང་ཧེམ་ལེཌ་(Hamlet)ལ་གཞི་བྱེད་དེ་བཟོས་པའི་《ཧི་མ་ལ་ཡའི་རྒྱས་སྲས》 ནི་དེ་སྔ་རྒྱ་ནག་བཟོས་པའི་གློག་བརྙན་ ‘The Banquet’ ཟེར་བ་དེ་ལས་ལེགས་པ་བྱུང་ཡོད་པ་དང་། སྒྲུང་གི་ནང་དོན་ཡང་ཧེམ་ལེཌ་དང་ཐག་ཉེ་བ་ཡོད། ཨ་རིར་གནས་སྡོད་རྒྱ་ནག་གི་རྩོམ་བྲིས་དང་འཁྲབ་ཁྲིད་པ་སྐུ་ཞབས་ཤེར་འུཌ་ ཧཱུ་ Sherwood Hu ལགས་ཀྱི་གློག་བརྙན་དེ་ནི་བོད་དུ་འཁྲབ་པ་དང་འཁྲབ་སྟོན་གྱི་ནང་དོན་དང་སྐད་ཆ་ཡོངས་རྗོགས་བོད་སྐད་ཁོ་ནའི་ཐོག་བཟོས་ཡོད། གློག་བརྙན་གྱི་འཁྲབ་སྟོན་མི་སྣ་གཙོ་བོ་རྒྱས་སྲས་ནི་གློག་བརྙན་ཐོག་ཐེངས་དང་པོ་བཞུགས་མཁན་ཞིག་ཡིན་འདུག །ཁོང་གི་མིང་དངོས་ནི་ འཕུར་པ་རྗེ་ ཟེར། འཁྲབ་ཁྲིད་པས་ཕུར་པ་རྗེ་ཟི་ཁྲོན་གྱི་ཨར་ཁང་ཞིག་ནས་རྙེད། དེ་ནས་ཧྲང་ཧེ་འཁྲབ་སྟོན་སྦྱོང་བསྡར་ནང་བཏང་བ་དང་། དམིགས་བཀར་སློབ་ཁྲིད་ཀྱི་སློབ་ཡོན་ཆ་ཚང་འཁྲབ་ཁྲིད་པ་རང་ཉིད་ཀྱིས་བཏང་བ་རེད། ཉེ་སྔོན་ཕུར་རྗེས་འཁྲབ་སྟོན་མང་པོའི་ནང་བཞུགས་ཡོད་པ་དང་། བྱ་དགའ་དང་འཁྲབ་སྟོན་གྱི་དཔེ་བཟང་མང་པོ་ཐོབ་མྱོང་བ་རེད།

གློག་བརྙན་ནང་ངོས་ཀྱི་དཔར་རིས་འགའ།

གསལ་བཤད།

གློག་བརྙན་འདི་ནི་ཕྱི་ལོ་ 2006 ལོར་བཟོ་བསྐྲུན་བྱེད་ཡོད་པ་དང་། རྒྱལ་ཕྱི་རྒྱལ་ནང་དུ་གློག་བརྙན་དེ་སྐད་གྲགས་ཡོད། དྲ་ཚིགས་མང་པོའི་ནང་གློག་བརྙན་དེའི་སྐོར་དོ་སྣང་དང་། གློག་བརྙན་དེའི་སྐོར་བརྒྱ་ཕྲག་འཁོད་འདུག་ཀྱང་གློག་བརྙན་ཆ་ཚང་བལྟ་ཐུབ་པ་ཞིག་རྩ་ནས་མ་མཐོང་། གློག་བརྙན་དཔྱད་ཞིབ་པ་ཞིག་བྲིས་དོན་
"it’s quite an incredible film........but I didn’t provide more than a trailer at that point. I was still (and am sill) desperately hoping for a theatrical or DVD release of the film"
དེར་བརྟེན་གུས་དྲ་རྒྱའི་ཐོག་བཙལ་ནས་གློག་བརྙན་དེ་རགས་ཐུབ་ཙམ་བྱུང་། གློག་བརྙན་ཆ་ཚང་ཐེངས་གཅིག་བལྟས་ཟིན། གློག་བརྙན་གྱི་ཐོག་མར་རྒྱལ་སྲས་ལྷ་མོ་བློ་ལྡན་རྒྱལ་ཁང་དུ་ལོག་སྐབས་རང་གི་ཡབ་རྒྱལ་པོ་འདས་ཟིན། ཡབ་དམ་པ་དང་མཐའ་མའི་ཞལ་མཇལ་མེད་པར་དུར་འཇུག་ཟིན་པ་དང་། ཡུམ་ཆེན་གྱིས་ཨ་ཞང་མཉམ་དུ་སྡོད་རྒྱུད། ཨ་ཞང་རྒྱལ་པོར་བཀོད་རྒྱུ་སོགས་བློ་ངོར་བཤོང་དཀའ་བའི་གནས་སྟངས་ཞིག་དང་དོགས་པ་དང་ཁོང་ཁྲོ་སྡུག་བསྔལ་གཅིག་ཅར་ཏུ་གཏད། སྒྲུང་གི་བར་དུ་རྒྱལ་སྲས་ལྷ་མོ་བློ་ལྡན་དང་རང་གི་སྙིང་གྲོགས་ཀྱི་བརྩེ་གདུང་། ཨ་ཞང་དང་ཨ་ཞང་གི་བུའི་འདོད་སེམས། སྙིང་གྲོགས་གཉིས་ཀྱི་བར་གྱི་རྩོད་གཞི། སྒྲུང་གི་མཐའ་མར་སེམས་སྡུག་དང་ཡིད་འཕངས་པའི་གནས་སྟངས་ཆགས་པ་སོགས་མདོར་སྡུད་དུ་བཀོད།

ངས་གློག་བརྙན་ལེགས་པོ་དེ་ཁྱེད་རྣམས་ལ་བལྟ་བདེ་བའི་ཆེད་ཡུ་ཊུབ་ཏུ་བཞག་ཡོད། དཔར་དབང་གི་སྒྲིག་གཞིའི་དབང་གིས་སྐབས་རེ་གློག་བརྙན་དེ་ཡུ་ཊུབ་ཀྱིས་མེད་པ་བཟོས་སྲིད། དེར་བརྟེན་ད་ལྟ་དུས་ཚོད་ཡོད་སྐབས་ཐེངས་གཅིག་བལྟ་ཐུབ་ན་ལེགས་སེམས།

གློག་བརྙན་ལ་གཟིགས།

ཕབས་ལེན།

ཊོ་རེན་རྒྱུད་ཕབས་ལེན། Download through Torrent

brackets.io

 
མཉེན་ཆས་དང་དྲ་ཚིགས་བཟོ་མཁན་རྣམས་ཀྱི་མེད་དུ་མི་རུང་བའི་མཉེན་ཆས་གཅིག་ནི་ཀོ་ཊིང་ (coding) གཏག་སའི་ཡིག་བརྒྱག་མཉེན་ཆས་ལེགས་པོ་ཞིག་ཡོད་དགོས་རྒྱུ་དེ་ཡིན། སྤྱིར་གློག་ཀླད་ནང་རང་སྒྲིག་ཏུ་ཡོད་པའི་ notepad དང་ TextEdit སོགས་སྤྱོད་མཆོག་ཀྱང་། དེ་དག་གི་ཐོག་ html དང་ programming གི་ཡི་གེ་གཏག་སྐབས་ནོར་བཅོས་དང་དག་ཐེར་བྱེད་རོགས་མི་ཐུབ། དེར་བརྟེན་ཀོ་ཊིང་བྱེད་མཁན་མང་པོས་ textpad དང་ notepad++, editplus, sublimeText, Dreamweaver སོགས་ཡིག་བརྒྱག་མཉེན་ཆས་གཞན་སྤྱོད་འདོད་བྱེད་ཀྱི་ཡོད།

གལ་ཏེ་ཁྱེད་ལ་ཀོ་ཊིང་བསྐྱོན་སའི་མཉེན་ཆས་ལེགས་པོ་ཞིག་དགོས་ན་འདིར་ངས་ངོ་སྤྲོད་བྱེད་འདོད་པ་ནི། Brackets.io ནས་བཟོ་སྒྲིག་བྱས་པའི་ bracket ཟེར་བ་དེ་ཡིན། མཉེན་ཆས་དེས་ html དང་ css, vb, javascript, php, python སོགས་ལ་རམས་འདེགས་ཐུབ་པ་མ་ཟད། ཀོ་ཊིང་མྱུར་པོ་ཚར་བ་དང་། ནོར་འཛོལ་བཟོ་ཉུང་བ། ཡི་གེ་རྣམས་མཚོན་མདོག་འདྲ་མིན་སྤྱད་དེ་ཀློག་བདེ་བ། བཟོ་སྒྲིག་བྱེད་བཞིན་པའི་ལས་འཆར་ཐ་དག་ LivePreview ཟེར་བ་མངོན་གསལ་དུ་ཤར་ཐུབ་པ་སོགས་ཁྱད་ཆོས་མང་དག་ཞིག་ལྡན་འདུག།།མཉེན་ཆས་རིན་མེད་ཡིན་པ་དང་། དྲ་ཚིགས་ཨ་མ་ནས་ཐད་ཀར་ཕབ་ལེན་དང་ནང་འཇུག་བྱེད་ན་འགྲིགས་ཀྱི་འདུག

ཡིག་ཆ་ཆེ་ཆུང་། 36.1 mb
དྲ་ཚིགས་ཨ་མ། http://brackets.io/

རྒྱ་གྲམ་སྐོར་གྱི་འབེལ་གཏམ།

 

འབའ་པ་བསོད་ནམས་ཚེ་རིང་གིས་བསྒྱུར།
[ཤེས་བྱའི་ཟེགས་མ། དེབ་གྲངས་ཨང་ 36 ལས་བཏུས།]

རྒྱ་གྲམ་ཞེས་པ་ནི་རྒྱ་གྲམ་དབྱིབས་ཀྱི་ཤིང་སྒྲོོམ་ཞིག་སྟེ་དེ་ནི་དེ་སྔའི་རོ་མཱན་གོང་མའི་རྒྱལ་ཁབ་ཀྱི་ཁྲིམས་ཆས་ཤིག་རེད། དེ་དུས་བྲན་གཡོག་བདག་པོས་རྒྱུན་དུ་བྲོས་འགྲོ་བའམ་གྱེན་ལོག་བྱེད་ཕོད་མཁན་བྲན་གཡོག་དེ་ཚོ་རྒྱ་གྲམ་གྱི་ཐོག་གཟེར་ཀ་བརྒྱབ་པའམ་ཐག་པས་བསྡམས་ཏེ་མ་ཤི་བར་དུ་མནར་གཅོད་གཏོང་གི་ཡོད་པ་རེད། 《དམ་པའི་གསུང་རབ》 ནང་གི་བཤད་སྲོལ་ལྟར་ན། དཀོན་མཆོག་གིས་ཡེ་ཤུ་མི་ཡུལ་དུ་ཆོས་བཤད་པར་བཏང་ཞིང་མཐར་མིའི་རིགས་ཀྱི་སྡིག་བཤགས་བྱེད་ཕྱིར་རྒྱ་གྲམ་གྱི་ཐོག་གཟེར་ཀ་བརྒྱབ་སྟེ་མྱ་ངན་ལས་འདས་པ་རེད། དེ་ཡང་ཡེ་ཤུ་འདས་ནས་ཉིན་གསུམ་སོང་རྗེས་འདས་ལོག་བསྐྱོན་ཏེ་ལྷ་ཡུལ་ལོག་ཕེབས་པའི་དབང་གིས། རྒྱ་གྲམ་ནི་ཡེ་ཤུའི་ཆོས་ལུགས་པའི་སེམས་སུ་སྡིག་བཤགས་ཐར་པ་ཐོབ་པའི་མཚན་མ་དང་དད་གུས་བྱེད་པའི་མཚོན་རྟགས་ཤིག་ཏུ་གྱུར། སྤྱི་ལོ་དུས་རབས་བཞི་པར་རོ་མཱན་གོང་མའི་རྒྱལ་ཁབ་ཤར་མའི་གོང་མ་ཅུན་ཧྲི་ཐན་ཏིང་ཞེས་པ་དེས་ཡེ་ཤུའི་ཆོས་སྒོར་ཞུགས་རྗེས་རྒྱ་གྲམ་དེ་ཁྲིམས་ཆས་ནང་བརྩི་མི་ཆོག་པའི་བཀའ་ཕབ་པས། དེ་ནས་བཟུང་རྒྱ་གྲམ་དེ་ཆོས་ལུགས་ཀྱི་མཚོན་རྟགས་ཙམ་ལས་ཁྲིམས་ཆས་སུ་བརྩི་གི་མེད་པ་རེད།

ལོ་རྒྱུས་གོང་དུ་འཕེལ་བའི་དབང་གིས། མཚོན་རྟགས་ཡིན་པའི་རྒྱ་གྲམ་དེའི་རྣམ་པའི་ཐད་ཀྱང་འགྱུར་ལྡོག་མང་པོ་བྱུང་བ་རེད། དུས་རྟག་ཏུ་མཐོང་ཐུབ་པ་འདི་ལྟར། གཞུང་ཐིག་རིག་ལ་འཕྲེད་ཐིག་ཐུང་བའི་ལ་ཏིང་རྒྱ་གྲམ་དང་། གཞུང་འཕྲེད་ཐིག་གཉིས་ཀྱི་རིང་ཐུང་མཉམ་པའི་ཞི་ལའི་རྒྱ་གྲམ། གསེག་དབྱིབས་དཔེར་ན་༝དབྱིབས་ཀྱི་ཧྲེང་ཨན་ཏེ་ལིའེ་ཡི་རྒྱ་གྲམ། འཕྲེད་ཐིག་གཉིས་ཀྱི་འོག་ཏུ་གསེག་ཐིག་ཐུང་ཐུང་གཅིག་བསྣོན་པའི་སི་ལ་ཧྥུའི་རྒྱ་གྲམ (དེར་ཨའོ་ལུའོ་སིའི་རྒྱ་གྲམ་ཡང་ཟེར) ལ་སོགས་པ་ལྟ་བུའོ།

རྒྱ་གྲམ་ཅན་གྱི་རྟགས་མ་འདོགས་མཁན་གཙོ་བོ་ནི་གནམ་བདག་ཆོས་ལུགས་དང། ཏུང་ཀྲེང་ཆོས་ལུགས། དེ་མིན་ཆོས་ལུགས་གསར་པའི་ནང་གི་གྲུབ་མཐའ་འགའ་ཟིག་གི་ཆོས་ལས་བྱེད་མཁན་དང་དད་པ་བྱེད་མཁན་ཁ་ཤས་ཡིན་ཞིང་། མཚམས་མཚམས་ལ་ཡུལ་དུས་ངེས་ཅན་ཞིག་དང་བསྟུན་ཏེ་གཞི་ནས་བཏགས་ཆོག་པ་ཞིག་རེད། དུས་རབས་དང་། ཕྱོགས་ཁག མི་རིགས་བཅས་མི་འདྲ་བའི་དབང་གིས་གོམས་སྲོལ་དེ་དག་ཀྱང་གཅིག་ཏུ་མི་མཚུངས། དེང་སང་ནུབ་གླིང་གི་མི་རྣམས་ཀྱིས་ཨ་གསར་དུས་གསར་གྱི་རྗེས་ལ་སྙེག་ཆེད་རྟག་ཏུ་རྒྱ་གྲམ་དེ་རྒྱན་ཆ་ཞིག་ཏུ་བརྩིས་ནས་འདོགས་ཀྱི་ཡོད་པ་རེད།

འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་དཔེར་ན། དབྱིན་གོ་དང་། སུད་སི། ནོར་ཝེ། ཏན་མའེ། ཨི་ཊ་ལི། ཞིན་ཞི་ལན། མར་ཐ། ཧོ་ལེནཌ། ཞི་ལ། པིང་ཏའོ། ཏུའོ་སྨི་ཉི་ཅ། ཧྥེ་ཅི། ལིའེ་ཀྲི་ཏུན་ཧྲི་ཏེང་། ཐང་ཅ། སུད་སི། ཧྥན་ཏི་ཀང་བཅས་རྒྱལ་ཁབ་ 16 གི་རྒྱལ་དར་ཏོག་རྒྱ་གྲམ་གྱི་རི་མོ་བཀོད་ཡོད་པས། དེའི་ཐོག་ནས་ལོ་རྒྱུས་ཏོག་གི་ཆོས་སྲིད་ཟུང་འབྲེལ་བྱེད་པའི་སྣང་ཚུལ་མཚོོན་ཡོད་པ་རེད།

1815 ལོར་ཨི་ཊ་ལི་རྒྱལ་ཁབ་ཏུ་ཧྥ་རན་སི་དང་ཧྲ་ཏིང་གི་མཉམ་འབྲེལ་དམག་དཔུང་དང་ཨི་ཊ་ལིའི་དམག་དཔུང་གཉིས་ཀྱིས་དམག་འཐབ་དྲག་པོ་བརྒྱབ་ནས་ཕན་ཚུན་ཤི་རྨས་ཚབས་ཆེན་བྱུང་བའི་ཚུལ་དེ་སུད་སི་མི་ཆོས་རིང་ལུགས་པ་ཏུའུ་ནན་གྱི་མིག་ལམ་དུ་དངོས་སུ་མཐོང་བས། ཁོང་གིས་བར་གནས་ཀྱི་གཡུལ་སའི་སྐྱོབ་སྲུང་རྩ་འཛུགས་འཛུགས་རྒྱུའི་གྲོས་གཞི་བཏོན་པ་རེད། 1863 ལོར་ཇི་ནེ་ཝར་རྨས་དམག་སྐྱོབ་སྲུང་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཕྱི་ལོར་ཇི་ནེ་ཝར་རྒྱལ་ཁབ་ 16 གི་འཐུས་མི་ཞུགས་པའི་ཚོགས་འདུ་འཚོགས་པར་མ་ཟད། དེའི་ནང་གི་རྒྱལ་ཁབ་བཅུ་གཉིས་ཀྱི་འཐུས་མི་རྣམས་ཀྱིས་གཡུལ་སའི་དུག་ཆས་དཔུང་སྡེའི་རྨས་དམག་རྣམས་ཀྱི་ལྟ་སྐྱོང་ཐོབ་ཐང་ལེགས་བཅོས་བྱེད་རྒྱུའི་སྤྱི་ཆིངས་ཀྱང་བཀོད་པ་རེད། རྨས་དམག་སྐྱོབ་སྲུང་ཨུ་ཡོན་ལྷན་ཁང་དེར་རྒྱལ་སྤྱིའི་རང་བཞིན་ཡོད་རུང་། དེའི་ནང་གི་མི་ཚང་མ་ནི་སུད་སི་མི་ཡིན་པས། དར་ཚོན་དམར་པོའི་ཐོག་རྒྱ་གྲམ་དཀར་པོ་ཞིག་བྲིས་པའི་སུད་སི་རྒྱལ་དར་གོ་ལྡོག་ནས་དར་ཚོན་དཀར་པོའི་ཐོག་རྒྱ་གྲམ་དམར་པོ་ཞིག་བྲིས་པའི་དར་ཆ་དེ་རང་ཉིད་ཀྱི་མཚོན་རྟགས་ཤིག་ཏུ་བརྩིས་པ་རེད། 1880 ལོར་རྨས་དམག་སྐྱོབ་སྲུང་ཨུ་ཡོན་ལྷན་ཁང་དེ་རྒྱ་གྲམ་དམར་པོའི་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་དུ་བསྒྱུར་པའོ།

དེ་འདྲ་ཡིན་པའི་རྐྱེན་གྱིས་རྒྱ་གྲམ་དེ་རིམ་བཞིན་ཁྲིམས་ཆས་ནས་ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས་སུ་གྱུར་པ་དང་། དེ་རྗེས་རྨས་དམག་སྐྱོབས་སྲུང་གི་དར་ཆར་གྱུར་ཏེ་མི་ཆོས་རིང་ལུགས་དང་བར་གནས་མཚོན་པའི་རྟགས་སུ་གྱུར། དེང་སང་དེ་ཡང་སྨན་བཅོས་སྐྱོབ་སྲུང་བྱ་གཞག་གི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

གོང་དེར་རྒྱལ་ཁབ་ཁ་ཤས་ཀྱི་མིང་རྒྱ་སྐད་ལ་གཞིར་ཏེ་དེབ་ཏུ་བཀོད་འདུག ཤེས་པ་རྣམས་ཨིན་སྐད་ལ་གཞི་བཞག་ནས་བརྗེད་པོ་བརྒྱབ་པ་ཡིན། མ་ཤེས་མ་མང་པོ་འདུག དཔེར་ན་ ཏན་མའེ། ཞིན་ཞི་ལན། མར་ཐ། ཞི་ལ། པིང་ཏའོ། ཏུའོ་སྨི་ཉི་ཅ། ཧྥེ་ཅི། ལིའེ་ཀྲི་ཏུན་ཧྲི་ཏེང་། ཐང་ཅ། ཧྥན་ཏི་ཀང་ སོགས་རྒྱལ་ཁབ་གང་ཡིན་གསལ་པོ་མ་རྟོགས། ཁྱེད་ཀྱིས་ཤེས་ན། མཆན་དུ་བཀོད་རོགས།

སྡིག་པ་ཆེན་པོ་ལྔ་དང་དམྱལ་བ་མནར་མེད།

 
ཀར་ཀྲུན་(cartoon) ཐོགས་བཟོས་པའི་སངས་རྒྱས་དང་འཕགས་པ་བྱང་ཆུབ་སེམས་པའི་རྣམ་ཐར་མང་པོ་ཞིག་ཁ་སང་དེ་རིང་བལྟ་རྒྱུ་བྱུང་། དེའི་ནང་གསེས་སུ་"སྡིག་པ་ཆེན་པོ་ལྔ་དང་དམྱལ་བ་མནར་མེད" སྐོར་གྱི་གློག་བརྙན་དེ་ཧ་ཅང་ཡག་པོ་བཟོས་འདུག །ལྟད་མོ་དེ་གཤམ་དུ་བཀོད་ཡོད།

Chrome Bookmarks

 
ང་ཚོས་དྲ་མྱུལ་བྱེད་པ་དང་དྲ་རྒྱའི་རྒྱལ་ཁམས་སྐོར་བའི་སྐབས་རང་ལ་དགོས་མཁོའི་ཤེས་རིག་གི་ཆ་འཕྲིན་མང་དག་ཞིག་རག་གི་ཡོད། དུས་རྒྱུན་བལྟ་ཀློག་བྱེད་སའི་དྲ་ཚིགས་དེ་དག་དང་དེ་ནས་དུས་ནས་དུས་སུ་དྲ་མྱུལ་རྒྱག་པའི་སྐབས་དྲ་ཚིགས་གསར་པ་གཞན་ཡང་མང་པོ་རག་གི་ཡོད། དེར་བརྟེན་དྲ་ཚིགས་དེ་དག་རེ་རེ་བཞིན་བློ་ལ་ངེས་པའམ། དེབ་དང་སྨྱུ་གུ་ཞིག་འཁྱེར་ནས་ཐོ་བཀོད་བྱེད་པའི་དབང་དུ་བཏང་ཡང་དུས་ཡུན་གང་མཚམས་རྗེས་ཉོབས་སྣང་སྐྱེ་གཞི་ཞིག་ལས་མ་འདས། དེར་བརྟེན་དྲ་ཚིགས་ཁ་བྱང་དང་སོ་སོར་དགོས་པའི་དྲ་ཐག་(links)དེ་དག་ལ་རྟགས་རྒྱག་བདེའི་ཆེད་དྲ་མྱུལ་མཉེན་ཆས་ཚང་མའི་ནང་ Bookmark ཟེར་བ་དེ་རང་སྒྲིག་ཡོད།

དྲ་མྱུལ་མཉེན་ཆས་སྟེང་གི་ Bookmark དེ་ཁྱེད་ཀྱིས་བེད་སྤྱོད་བྱེད་མྱོང་ངམ། ཕལ་ཆེར་བྱེད་ཡོད་ངེས་རེད། བེད་སྤྱོད་བཏང་མྱོང་ན་ཁྱེད་ཀྱིས་དེའི་ཕན་ཐོག་ཇི་ཙམ་ཡོད་པ་ཧ་གོ་ངེས་རེད་ལ་ངས་དེར་བསྐྱར་བཤད་བྱེད་དགོས་པ་མ་མཐོང་། འོན་ཀྱང་དེ་སྔོན་དྲ་མྱུལ་མཉེན་ཆས་དེ་དག་ཐོག་ཡོད་པའི་ Bookmark ཚང་མར་སྐྱོན་ཆེ་ཤོས་གཅིག་ཡོད། དེ་ནི་ཁྱེད་ཀྱིས་རྟགས་བརྒྱབ་པའི་དྲ་ཚིགས་ཁ་བྱང་དང་དྲ་ཐག་དེ་དག་གློག་ཀླད་དེ་གའི་དྲ་མྱུལ་མཉེན་ཆས་དེ་རང་སྒང་དུ་བསྡོད་པ་ལས། སོ་སོའི་ཁ་པར་ནང་དང་། ཡང་ན་གློག་ཀླད་གཉིས་པ་གསུམ་པའི་ནང་མི་འཆར། བཤད་སྟངས་གཞན་ཞིག་ནི། ངའི་ནང་ལ་གློག་ཀླད་གཅིག་ཡོད། ལས་ཀ་བྱེད་སར་གློག་ཀླད་གཅིག་ཡོད། དེ་ནས་ལུས་དང་གྲིབ་མ་བཞིན་གྲོགས་སྡོད་མཁན་གྱི་ལག་ཐོག་ཁ་པར་ཞིག་ཡོད། ཉིན་གཅིག་ངས་ནང་གི་གློག་ཀླད་ནས་དྲ་མྱུལ་བྱེད་པའི་སྐབས་དྲ་ཚིགས་ལེགས་པོ་ཁ་ཤས་ཤིག་མཐོང་མ་ཐག་དེ་དག་ Bookmark ནང་ཉར་ཚགས་བྱེད་པ་རེད། ཉར་ཚགས་བྱེད་པའི་དྲ་ཚིགས་ཁ་བྱང་དེ་དག་ངའི་ནང་གི་གློག་ཀླད་ནང་མ་གཏོགས་ལས་ཁུང་གི་གློག་ཀླད་དང་ངའི་ཁ་པར་ནང་མི་ཤར་བའི་དཀའ་ངལ་དེ་ཆགས་ཡོད།
དེར་བརྟེན་དྲ་མྱུལ་མཉེན་ཆས་ཚང་མས་དཀའ་གནད་དེ་ཡོད་ཀྱང་སྣང་འཇོག་བྱེད་མེད། འོན་ཀྱང་གུ་གུལ་ཀམ་པ་ཎི་ (google company) གྱིས་བཟོས་པའི་དྲ་མྱུལ་མཉེན་ཆས་ ཁཱོ་རོམ་ (chrome) གྱིས་སྔ་ལོ་ནས་གདོང་ལེན་བྱེད་འགོ་བཙུགས་ཡོད་པ་དང་ལོའོ་ལོ་སྟོད་ནས་དཀའ་ངལ་དེ་རྩ་བའི་ཆ་ནས་སེལ་ཡོད། དེར་བརྟེན་ Bookmark ཤུགས་ཆེན་པོ་བེད་སྤྱོད་བྱེད་མཁན་ཚོས་ཁཱོ་རོམ་དྲ་མྱུལ་མཉེན་ཆས་དེ་གའི་ནང་གུ་གུལ་ཁ་བྱང་བརྒྱབ་པ་དང་ bookmark ཚང་མ་གུ་གུལ་གྱིས་ཉར་རོགས་བྱེད་ཐུབ་པ་མ་ཟད། དེའི་རྗེས་ཁྱེད་ཀྱིས་ནང་གི་གློག་ཀླད་དང་། ལས་ཁུངས་ཀྱི་གློག་ཀླད། གྲོགས་པོའི་གློག་ཀླད། རང་ཉིད་ཀྱི་ཁ་པར་སོགས་ཀྱི་ནང་ གསོག་འཇོག་བྱེད་པའི་ bookmark ཆ་ཚང་སླེབས་ཐུབ་པ་བྱུང་ཡོད། ཁཱོ་རོམ་ གྱི་ཞབས་ཞུ་དེ་ལ་བརྟེན་ནས་ངས་ bookmark ག་ནས་བཟོས་ཀྱང་ཁཱོ་རོམ་ཡོད་སའི་གློག་ཀླད་དང་གློག་ཆས་ཆ་ཚང་ནང་གཅིག་འགྱུར་ལྟར་སྣང་།
དེ་ནས་དེ་རིང་གློ་བུར་དུ་དོ་སྣང་བྱུང་བ་ཞིག་ནི། ཁཱོ་རོམ་གྱི་Bookmark དེ་ལ་སྔར་ལས་ལྷག་པའི་ལེགས་བཅོས་བཏང་འདུག །དེར་བརྟེན་དགའ་འཚོར་ཆེན་པོས་རྩོམ་ཡིག་འདི་རང་དབང་མེད་པར་སྤེལ་དགོས་འཁེལ་སོང་། ཁྱེད་ཀྱིས་ཁཱོ་རོམ་དྲ་མྱུལ་མཉེན་ཆས་དེ་གའི་དྲ་རྒྱའི་ཁ་བྱང་འབྲི་ས་དེར་ chrome://bookmarks/ བཀོད་ནས་བལྟ་དང་། གཤམ་གྱི་དཔེ་རིས་དེ་འདྲ་བ་ཤར་ངེས།
གལ་ཏེ་གོང་གི་དཔེ་རིས་ལྟར་མ་སླེབས་ན། དེ་ནི་ཁྱེད་ཀྱི་ ཁཱོ་རོམ་ དྲ་མྱུལ་མཉེན་རྙིང་པ་ཡིན་སྲིད། དེར་བརྟེན་སྔོན་ལ་དྲ་མྱུལ་མཉེན་ཆས་དེ་ update བྱེད་པའམ་ཐོན་རིམ་གསར་ཤོས་ཐོག་སླེབས་དགོས། དེ་ནས་ ཁཱོ་རོམ་གྱི་ extension སྡེ་ཚན་ནས་ Bookmark Manager ཟེར་བ་དེ་ཁཱོ་རམ་ནང་འཇུག་དགོས་སོ།

ཞབས་བྲོ་རྒྱག་མི་འོས་པའི་མི་ཁག་ཅིག

 

ཞབས་བྲོ་རྒྱག་པ་དེ་ནི་ལས་ཞོར་གྱི་བྱེད་སྒོ་བཟང་པོ་ཞིག་དང་བདེ་ཐང་ལ་ཕན་པའི་ལུས་རྩལ་བཟང་པོ་ཞིག་ཡིན་པས་ཕོ་གསར་མོ་གསར་རྣམས་ཀྱི་ཡིད་དབང་འཕྲོག་སྟེ་དོན་གཉེར་བྱེད་མཁན་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་གི་ཡོད་པ་རེད། ཡིན་ནའང་ཞབས་བྲོ་རྒྱག་མི་འོས་པའི་མི་ཁག་ཁ་ཤས་ཡོད་པ་གཤམ་གསལ།

གཅིག །འགོས་ནས་ན་ཚ་སྣ་ཚོགས་ཕོག་མཁན། དཔེར་ན་ཆམ་ནད་དམ་འགོས་ཆམ་དང་། གློ་ནད། ནད་དུག་གི་རང་བཞིན་ལྡན་པའི་མཆིན་ནད་སོགས་ཕོག་པ་ཚོས་ཞབས་བྲོ་བརྒྱབ་ན་ན་ཚ་སྡུག་ཏུ་འགྲོ་ཞིག་མི་གཞན་ལ་འགོས་འགྲོ་བས་ཞབས་བྲོ་རྒྱག་མི་འོས།

གཉིས། ཆང་རག་ཧ་ཅང་མང་པོ་བཏུངས་རྗེས། ལྷག་པར་དུ་ར་བཟི་བས་གོམ་པ་འཁྱོར་ཏེ་ཁ་སུག་ལོག་ནས་རྨས་སྐྱོན་ཡོང་བ་སླ་བ་དང་། བག་མེད་ཀྱི་འཆལ་སྤྱོད་གང་ཡང་བྱས་ཏེ་ཞབས་བྲོ་རྒྱག་སར་གནོད་སྐྱེལ་སྲིད་པས་ཞབས་བྲོ་རྒྱག་མི་འོས།

གསུམ། ནང་ཁྲོལ་གྱི་དབང་པོ་བབ་མཁན། དཔེར་ན་ཕོ་བ་དང་མཁལ་མ་བབ་པའི་མིས་གལ་སྲིད་རྟག་པར་དུས་རིང་པོར་ཞབས་བྲོ་བརྒྱབ་པ་ཡིན་ན། ནང་ཁྲོལ་གྱི་དབང་པོ་དེ་བས་མར་བབ་ནས་ན་ཚ་སྡུག་ཏུ་འགྲོ་བས་ཞབས་བྲོ་རྒྱག་མི་འོས།

བཞི། ཟུངས་ཁྲག་ཉམས་བའམ་ཡང་ན་ནང་སྣའི་ན་ཚའི་དབང་གིས་མགོ་ཡུར་འཁོར་བའི་ནད་ཡོད་མཁན། གལ་སྲིད་ལུས་ཤུགས་ཟད་གྲོན་ཆེ་བའམ་སྐོར་ར་རྒྱག་རྒྱུ་མང་དྲགས་པ་ཡིན་ན། མགོ་ཡུར་འཁོར་བ་དང་དམར་ཐོམ་ལངས་པ་དང་སྐྱུག་མེར་ལངས་པ་དང་སྐྱུག་པ་ཤོར་བ་བཅས་བྱས་ནས་རྟག་ཏུ་ཞབས་བྲོ་རྒྱག་སར་འགྱེལ་བས་ཞབས་བྲོ་རྒྱག་མི་འོས།

ལྔ། སྙིང་ནད་དང་ཁྲག་ཤེད་མཐོན་པོ་ཡོད་མཁན། མི་དེ་དག་གལ་སྲིད་དགའ་དྲགས་པ་དང་ངལ་དུབ་ཆེ་དྲགས་ན། སྙིང་གཟེར་རྒྱག་པ་དང་གྲིབ་སྐྱོན་ཕོག་པ་སོགས་ཀྱི་ནད་ལྗིད་པོ་ན་དྲིད་པས་ཞབས་བྲོ་རྒྱག་མི་འོས།

དྲུག །ཟླ་མཚན་འབབ་སྐབས་ཀྱི་བུད་མེད་གཞོན་ནུ། འགུལ་སྐྱོད་བརྒྱབ་དྲགས་ན། ཟླ་མཚན་འབབ་ཚད་མང་དུ་འགྲོ་ཞིང་འབབ་ཡུན་རིང་དུ་སོང་ཐོག་གྲོད་ཁོག་ན་བ་དང་གསང་རྒྱུག་རྨེན་རྩའི་བྱེད་ལས་འཆོལ་སྲིད་པས་ཞབས་བྲོ་རྒྱག་མི་འོས།

བདུན། མངལ་ཡོད་པའི་ཐོག་མའི་དུས་སྐབས་དང་མངལ་ཤོར་སླ་བའི་བུད་མེད་རྣམས་དཀའ་ལས་ཁག་དྲགས་པ་དང་དགའ་དྲགས་པའི་རྐྱེན་གྱིས་མངལ་ཤོར་སླ་བས་ཞབས་བྲོ་རྒྱག་མི་འོས།

[ཤེས་བྱའི་ཟེགས་མ། དེབ་ཨང་ 36 ལས་བཏུས།]

གསོན་ཉམས་ལྡན་ཞིང་ཡ་མཚན་ཆེ་བའི་སྲོག་ཆགས་ཀྱི་སྐད་ཆ།

 
མི་ལ་མི་སྐད་དང་ཕྱུགས་ལ་ཕྱུགས་སྐད་ཡོད།

སྤྲེའུས་སྐད་མི་འདྲ་བ་བརྒྱབ་ནས་དགྲ་བོ་མི་འདྲ་བ་ཡོང་གི་ཡོད་པ་ཤོད་ཐུབ་ཀྱི་ཡོད་པ་སྲོག་ཆགས་རིག་པ་བས་ཤེས་པ་དཔེར་ན་གཟིག་འཕྲད་སྐབས་ཁོ་ཚོས་ཁྱི་སྐད་འདྲ་བ་ཞིག་རྒྱག་གི་ཡོད་པ་དང་། བྱ་གླག་མགོ་དམར་མཐོང་དུས་མགྲིན་སྐད་དམའ་པོ་ཞིག་རྒྱག་གི་ཡོད་པ། དུག་སྤྲུལ་མཐོང་དུས་ "སི་སི" ཞེས་པའི་ཛ་དྲག་ཆེ་བའི་སྐད་རྒྱག་གི་ཡོད་ལྟ་བུ་རེད།

ཁྲུང་ཁྲུང་གི་སྐད་ཆ་ནི་གཙོ་བོ་སྒྲ་གདངས་འགྱུར་ཁུག་མི་འདྲ་བའི་ཐོག་ནས་མཚོན་གྱི་ཡོད་ཅིང་། ཁྲུང་ཁྲུང་ཁྱུ་ཚོགས་ཟླ་འོད་འོག་ཏུ་གཉིད་དུ་ཡུར་སྐབས་སོ་ལྟ་བྱེད་མཁན་ཁྲུང་ཁྲུང་དེས་དོགས་ཟོན་ཆེ་བའི་མིག་ཅེ་རེར་གདངས་བསྡད་པ་དང་མགྲིན་པ་ནས་ཉེན་ཁ་གང་ཡང་མི་འདུག །བློ་བདེ་པོའི་ངང་གཉིད་ཉོལ་ཨང་ཟེར་བའི་དོན་ཡིན་པའི་སྐད་ཡང་ཡང་རྒྱག་གི་ཡོད་པ་དང་གལ་སྲིད་བཀྲ་མ་ཤིས་པའི་རིགས་བྱུང་ཚེ་ཁོས་ལམ་སེང་ཛ་དྲག་པོའི་སྐད་རྣོན་པོ་བརྒྱབ་ནས་ཁྲུང་ཁྲུང་ཁྱུ་ཚོགས་ཀྱི་གཉིད་དཀྲོགས་ཏེ་བྲོས་འགྲོ་རྒྱུའི་གྲ་སྒྲིག་བྱེད་དུ་འཇུག་གི་ཡོད་པ་དང།

དེ་བས་ཡ་མཚན་པ་ནི་སྲོག་ཆགས་ལ་ཡང་ "ཡུལ་སྐད" ཡོད་ཅིང་། ཨ་རི་སྨི་ཀྲི་ཁཱན་མཚེའུའི་འགྲམ་གྱི་ཕོ་རོག་དང་ཨི་ཊ་ལིའི་ཧྥོ་ལུའོ་ལུན་ས་གྲོང་ཁྱེར་ཉེ་འདབས་ཀྱི་ཕོ་རོག་བར་དུ་སྐད་བརྡ་འཕྲོད་ཀྱི་མེད་པ་དང་། གྲོང་ཁྱེར་ནང་གི་ཕོ་རོག་དང་གྲོང་གསེབ་ཀྱི་ཕོ་རོག་ཕན་ཚུན་སྐད་བརྡ་འཕྲོད་ཐུབ་ཀྱི་མེད་པ་དེ་དག་འདབ་ཚགས་རིག་པ་བས་ཞིབ་འཇུག་བྱས་ནས་ཤཻས་པ་རེད།

སྲོག་ཆགས་ཀྱི་སྐད་ཆ་ནི་ཧ་ཅང་ཕུན་སུམ་ཚོགས་ཤིང་ཡ་མཚན་ཆེན་པོ་ཡོད། བུང་བ་ནི་ཞབས་བྲོའི་ཉམས་འགྱུར་ལ་བྱང་ཆུབ་པ་དང་། འབུ་མེ་ཁྱེར་ནི་འོད་མདོག་དང་། འོད་ཤུགས། འོད་བཀྲ་ཡུན་བཅས་ལ་བརྟེན་ནས་སྐད་བརྡ་སྤྲོད་ཀྱི་ཡོད། ཨ་རི་ལྷོ་གླིང་གི་བྲག་ཕུག་ནག་ཁུང་ནང་སྡོད་མཁན་བྱིའུ་ཞིག་གིས་སྒྲ་འདས་རླབས་ཕྲེང་སྤྱད་དེ་ "སྐུད་མེད་རླུང་འཕྲིན"གཏོང་གི་ཡོད་པ་རེད།

སྲོག་ཆགས་ཀྱི་སྒྲ་རིག་པ་ནི་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་མང་པོའི་ནང་སྤྱོད་རིན་ཆེན་པོ་ཡོད་པ་ཞིག་རེད། སུད་ཛི་ལེནྜ་ཀྱི་འདབ་ཆགས་རིག་པ་བས་ཤིང་ནགས་ནང་དུ་དགའ་བསུ་ཞུ་བའི་དོན་མཚོན་པའི་བྱིའུའི་སྐད་བརྡའི་རླུང་འཕྲིན་བཏང་བས་ཕན་བྱ་འབོར་ཆེན་ནགས་ཁྲོད་དུ་གཏན་སྡོད་བྱེད་རྒྱུར་འཁོར་ཡོད་པ་དང་། འཛིན་བཟུང་བྱས་མི་ཆོག་པའི་མཚོ་ཕག་ཚོ་དང་ཚོ་བྱས་ནས་ཉ་འཛིན་གྲུ་གཟིངས་བསྐོར་ཏེ་རྩེད་འཇོའི་སྐད་ཅོར་བརྒྱག་ནས་ལས་ཀར་གནོད་པ་སྐྱེལ་སྐབས། ཉ་སྐད་ཉེན་བརྡ་གཏོང་བའི་སྒྲ "ཏུའུ་ཏུའུ" ཞེས་པ་ཞིག་ཆུ་གཏིང་དུ་བཏང་མ་ཐག་མཚོ་ཕག་སྤྱོད་ངན་དེ་ཚོ་གཅིག་ཀྱང་མ་ལུས་པར་བྲོས་འགྲོ་གི་ཡོད་པ་རེད།

རིན་ཆེན་གྱིས་བསྒྱུར།
[ཤེས་བྱའི་ཟེགས་མ། དེབ་ཨང་ 36 ལས་བཏུས།]

ཊོ་རེན་དྲ་ཚིགས་ནས་ཡིག་ཆ་ཕབས་ལེན་བྱེད་ཐབས།

 
དེ་སྔོན་ཊོ་རེན་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་སྤེལ་ནས་དྲ་གྲོགས་མང་པོ་ཞིག་གི་ཊོ་རེན་དེ་དག་ཕབས་ལེན་བྱེད་སྟངས་ཀྱི་སློབ་སྟོན་ཞིག་གནང་རོགས་ཟེར་བ་ལྟར། དེ་རིང་གཞི་ནས་དེའི་ཐོག་དཔེ་དང་རི་མོ་མཉམ་དུ་ཊོ་རེན་ཇི་ལྟར་ཕབ་ལེན་ཐུབ་པ་དང་ཕབ་ལེན་བྱེད་པའི་སྐབས་དོ་ནན་བྱེད་དགོས་རིགས་ལ་གསལ་པོ་བཀོད་ཡོད།

གྲ་སྒྲིག

༡༽ གློག་ཀླད་དམ་ཁ་པར་ནང་ utorrent མཉེན་ཆས་སྒྲིག་འཇུག་ཟིན་པ།
༢༽ འདིར་ལམ་སྟོན་ཆེད་ཊོ་རེན་དྲ་ཚིགས་མང་པོའི་ནང་ནས་ kickass.to དྲ་གནས་ཐོག་དཔེ་འཇོག་གི་ཡིན།
༣༽ དྲ་མྱུལ་མཉེན་ཆས་ chrome དང་ firefox སོགས་གང་རུང་གཅིག་ཡོད་དགོས།

ལག་བསྟར།

༡༽ དྲ་མྱུལ་མཉེན་ཆས་སྤྱོད་དེ་དྲ་གནས་ www.kickass.to ལ་འགྲོ་དགོས། ཊོ་རེན་དྲ་གནས་གཞན་འདིར་གཟིགས།
༢༽ དྲ་གནས་དེ་གའི་འཚོལ་བཤེར་བྱེད་སའི་སྟེང་ཁྱེད་ལ་གང་དགོས་ཀྱི་མཉེན་ཆས་སམ་ཡིག་ཆའི་མིང་བཀོད་དེ་འཚོལ་དགོས། དཔེར་ན། Adobe Lightroom 6 ལྟ་བུ་ཕབས་ལེན་བྱེད་དགོས་ན།

༣༽ གོང་གི་དཔེ་རིས་དེར་གཟིགས། འཚོལ་བཤེར་བྱེད་པའི་གྲུབ་འབྲས་སུ། ཡིག་ཆ་མིང་གཅིག་པ་བྱེད་པ་མང་དག་ཞིག་མངོན་སྲིད། དེ་དག་ལས་མཉེན་ཆས་གང་ཞིག་ Window ཆེད་དུ་ཡིན་པ་དང་། གང་ཞིག་ Mac གི་ཆེད་དུ་ཡིན་མིན་བལྟ་དགོས། ཡིག་ཆ་ཆེ་ཆུང་། ཡིག་ཆ་གསར་རྙིང་། གསང་ཨང་དང་གསང་ཟ་ཡོད་མེད། དེ་ནས་དེ་བས་གལ་བ་ Seed ཟེར་བ་མང་ལོས་ཡོད་མེད་བལྟ་དགོས། Seed ཟེར་བ་ནི་ཁྱེད་ལ་དགོས་པའི་ཡིག་ཆ་དེ་རགས་བདེ་ལོས་དང་། ཡིག་ཆ་དེ་ས་ཕྱོགས་ག་ཚོད་ལ་ཡོད་མེད་མཚོན་ཐུབ། དེས་ཕབས་ལེན་གྱི་མྱུར་ཚད་ལ་ཡང་ཁྱད་པ་ཆེན་པོ་བཟོ་ཡི་ཡོད། seed ཀླད་ཀོར་ཡིན་ན་ཡིག་ཆ་དེ་མེད་པའི་རྟགས་རེད།

༤༽ཡིག་ཆ་དང་པོ་དེ་ཡིད་གཏན་ཆེ་བ་འདུག །དེར་བརྟེན་དེར་གནོན་པའི་སྐབས་གོང་གི་དཔེ་རིས་དེ་ཤར་ངེས། དཔེ་རིས་དེ་ལས་ང་ཚོས་དོ་སྣང་བྱེད་དགོས་པ་འགའ་ཡོད། དྲ་མི་མང་པོས་ཡིག་ཆ་དེ་ཁྱེད་ཀྱི་སྔོན་ནས་ཕབ་ལེན་དང་སྒྲིག་འཇུག་བྱེད་ཡོད། ཁོང་ཚོས་མཉེན་ཆས་དེའི་ཐོག་བསམ་ཚུལ་གང་ཡོད་བལྟ་ཐབས་སུ། མཐེ་པོ་ཡར་བསྐེར་དང་མར་སྟོན་གྱི་གྲངས་དང་། དེ་ནས་ comments ཟེར་བ་མཆན་གྱི་སྡེ་ཚན་ནང་ཀློག་ཙམ་བྱེད་ན་མཉེན་ཆས་དེ་ལེགས་པོ་དང་ཏག་ཏག་འགྲོ་མིན་རྟོགས་ཐུབ། སྐབས་རེ་མཉེན་ཆས་འཇོག་མཁན་གྱིས་མཉེན་ཆས་སྒྲིག་འཇུག་སྐོར་གྱི་འགྲེལ་བཤད་ལས། དྲ་མི་ཚོའི་བསམ་ཚུལ་དང་མཆན་གྱི་ནང་སྒྲིག་འཇུག་བྱེད་ཐབས་ལམ་སྟོན་ལེགས་པ་ཡོད། སྒྲིག་འཇུག་སྐབས་དཀའ་ངལ་བྱུང་རིགས་ལ་སེལ་ཐབས་ཀྱི་ཐབས་ལམ་སྣ་མང་ཀྱང་དེ་ནས་ཤེས་ཐུབ།

༥༽མཐའ་མ། ཕབས་ལེན་དངོས་སུ་བྱེད་རྒྱུའི་བློ་ཐག་ཆོད་ན། ཡིག་ཆ་དེ་གའི་སྟོད་དེར་ ངར་ལྕགས་ཀྱི་རྟགས་ཡོད་པ་དེ་གནོན་དང་། utorrent མཉེན་ཆས་ཀྱིས་ངོ་ཐག་ཆོད་དེ་མཉེན་ཆས་དངོས་དེ་ཕབ་ལེན་བྱེད་རྒྱུ་འགོ་བཙུགས་ཀྱི་རེད། གལ་ཏེ་མཉེན་ཆས་དངོས་དེ་རྗེས་ཀྱི་དུས་ཚོད་ཞིག་གི་ནང་ཕབ་ལེན་བྱེད་འདོད་ན། དེར་ཐབས་ཤེས་གཉིས་ཡོད།
  • གཅིག སྙིང་གི་རྟགས་དེར་གནོན་ནས་ bookmark བྱེད་ན་འགྲིགས། འོན་ཀྱང་ཞབས་ཞུ་དེ་ནི་ཊོ་རེན་དྲ་ཚིགས་དེ་གའི་ཐོག་དེབ་སྐྱེལ་བྱེད་ཡོད་ན་མ་གཏོགས་བེད་སྤྱོད་མི་ཡོང་།
  • གཉིས། Download Torrent ཟེར་བ་དེའི་ཐོག་གནོན་ནས་ཡིག་ཆ་ཆུང་ཆུང་ཞིག་རགས་ངེས། ཡིག་ཆ་དེ་ཁྱེད་ཀྱིས་མཐེབ་སྡེར་(pendrive) སོགས་ཀྱི་ནང་ཉར་ན་འགྲིགས། ཡིག་ཆ་ཆུང་ཆུང་དེ་ནི་མཉེན་ཆས་གཙོ་བོ་དེ་ཕབ་ལེན་བྱེད་སའི་ཁ་བྱང་ལྟ་བུ་རེད། ཕྱིས་སུ་ utorrent སྤྱད་དེ་ཡིག་ཆ་ཆུང་ཆུང་དེ་ཁ་ཕྱེ་དང་མཉེན་ཆས་གཙོ་བོ་དེ་ཕབ་ལེན་འགོ་བཙུགས་ཐུབ།
༦༽ ཕབ་ལེན་མགྱོགས་པོ་ཡོང་དགོས་ན། utorrent མཉེན་ཆས་ནས་ད་དུང་མཐའ་མ་གཅིག་སྒྲིག་རྒྱུ་ཡོད། གཤམ་གྱི་དཔེ་རིས་ལ་གཟིགས། ཕབ་ལེན་གྱི་ཡིག་ཆའི་ཐོག་ཙི་ཙི་གཡས་པ་གནོན་ནས་འདེམས་གའི་ནང་ Bandwidth Allocation ཟེར་བ་དེ་ནང་གསེས་ high ལ་སྒྲིག་ན། ད་བཟོད་དྲ་རྒྱའི་མྱུར་ཚད་མཐོ་ཤོས་དེ་སྤྱད་དེ་ཕབ་ལེན་བྱེད་ཀྱི་རེད།
དེ་ལྟར་ཊོ་རེན་གྱི་དྲ་ཚིགས་ཤིག་ནས་དགོས་མཁོའི་མཉེན་ཆས་དང་། གློག་བརྙན། གླུ་གཞས་སོགས་གང་འདོད་དུ་ཕབས་ལེན་བྱེད་ཐུབ། ངའི་རེ་བར་ཁྱེད་ཀྱི་ཚོད་ལྟ་གཅིག་གནང་ནས་ཁྱེད་ལ་བསམ་ཚུལ་དང་མྱོང་བ་གང་བྱུང་བ་རྣམས་གཤམ་དུ་མཆན་འཇོག་སའི་ནང་མཆན་བཀོད་རོགས། སྐྱིད་པོ་གཏོང་།

སྨོན་ལམ་ཟབ་སྦྱོང་། A02

 

སློབ་ཁྲིད་ཀྱི་ནང་དོན།

བརྙན་ཟློས་འདིའི་ནང་།
  • Custom Page Size རང་གི་འདོད་མོས་ཀྱི་ཤོག་ངོས་ཚད་གཞི།
  • Creating Master Page དཔེ་དཔང་བཟོ་སྟངས།
  • Applying Master Page on Working Page དཔེ་དཔང་བེད་སྤྱོད་བཏང་སྟངས།
  • Adding Header Text ཤོག་ངོས་ཀྱི་འགོ་སྟོད་དུ་ཡི་གེ་བཀོད་དང་།
  • Adding Section Marker on Header ཤོག་ངོས་འགོ་སྟོད་དུ་ལེ་ཚན་བཀོད་སྟངས།
  • Adding Page No. at Footer ཤོག་ངོས་ཀྱི་གཤམ་དུ་ཤོག་གྲངས་བཀོད་སྟངས།

བརྙན་ཟློས་འདི་ནི། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ཚེས་ ༢༦ ནས་ ཟླ་ ༣ ཚེས་ ༤ བར། སྐུ་ཞབས་སྨོན་ལམ་གྱིས་བོད་ཡིག་དང་འབྲེལ་བའི་དཔེ་དེབ་ཇུས་འགོད་ཟབ་སྦྱོང་ཞིག་སྐོར་རེད་འདུག །བརྙན་ཟློས་དེ་བོད་ཡིག་དཔེ་དེབ་དང་ indesign ནང་ལས་ཀ་བྱེད་མཁན་ཡོངས་ལ་ཕན་ཐོག་ཆེན་པོ་མཐོང་བས། དེ་དག་དྲ་སྟེང་དུ་སྤེལ་ཏེ་ཀུན་ལ་ཕན་པའི་རེ་བ་ཡོད། གློག་གླད་ཀྱི་བརྙན་ཟློས་ཆ་ཚང་ཡུ་ཊུབ་དྲ་གནས་ཐོག་ཡོད། འདིར་གནོན།

སྨོན་ལམ་ཟབ་སྦྱོང་། A01

 

སློབ་ཁྲིད་ཀྱི་ནང་དོན།

བརྙན་ཟློས་འདིའི་ནང་ Indesign CS3 ངོ་སྤྲོད་དང་མཉེན་ཆས་དེ་ཁ་ཕྱེ་པ་དང་། Menu དང Control Panel, Application Bar, Tool Bar, Work Area སོགས་ངོ་སྤྲོད་བྱེད་ཡོད།

  • Menu སྡེ་ཚན་ནང་ཡིག་ཆའི་ཚད་གཞི་སྒྲིག་ས། [Unit & Increment, Grid]
  • Control Panel ནང་གི་ [Page, Layer,Link, Strok, Swatches, Paragraph Style, Character Style, Text Wrap]
  • Tool Bar སྡེ་ཚན་གྱི་ [Pointer, Free hand, Pen, Text, Zoom ]

དེ་ནས་ཡིག་ཆ་གསར་པ་བཟོ་སྟངས། New Document
[No. of Page, Page Size, Facing Pges,Potrait, Landscape, Margin, Bleed and Slug]

Word ནང་བསྐྱོན་པའི་ཡིག་ཆ་ཞིག་ Indesign ནང་ལེན་སྟངས་དང་འདེམས་ག་སོགས་གསལ་པོ་དང་བསྡུས་པོ་བསྟོན་འདུག
[Placing/Importing Word Document and options]

བརྙན་ཟློས་འདི་ནི། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ཚེས་ ༢༦ ནས་ ཟླ་ ༣ ཚེས་ ༤ བར། སྐུ་ཞབས་སྨོན་ལམ་གྱིས་བོད་ཡིག་དང་འབྲེལ་བའི་དཔེ་དེབ་ཇུས་འགོད་ཟབ་སྦྱོང་ཞིག་སྐོར་རེད་འདུག །བརྙན་ཟློས་དེ་བོད་ཡིག་དཔེ་དེབ་དང་ indesign ནང་ལས་ཀ་བྱེད་མཁན་ཡོངས་ལ་ཕན་ཐོག་ཆེན་པོ་མཐོང་བས། དེ་དག་དྲ་སྟེང་དུ་སྤེལ་ཏེ་ཀུན་ལ་ཕན་པའི་རེ་བ་ཡོད། གློག་གླད་ཀྱི་བརྙན་ཟློས་ཆ་ཚང་ཡུ་ཊུབ་དྲ་གནས་ཐོག་ཡོད། འདིར་གནོན།

sticky note བསྐྱར་གསོ་བྱེད་ཐབས།

 

དྲི་བ།

མཁྱེན་ཡངས་གྲོགས་བསོད་ནམས་ཟླ་བ་ལགས་སུ།  ཆེདུ་ཞུ།  འདིར་དེ་རིང་གློག་ཀླད་ལས་sticky note ཞེས་པའི་ཡི་གེ་འབྲི་ས་དེ་ Accessories ལས་Move བྱས་ཏེ་གློག་ཀླད་མདུན་ངོས་སུ་བླངས་པ་ཡིན་མོད།  ཕྱིས་ལག་པས་གནོན་ཉེས་ཤོར་ཏེ་གློག་ཀླད་མདུན་ངོས་སུ་བསུབས་ཟིན་པས།  ད་ནི་ཅི་ལྟར་བཙལ་ཀྱང་རྙེད་ཀྱི་མི་འདུག་ལ།  གཤེར་འཚོལ་Search program and file དུ་བཙལ་ནའང་རག་གི་མི་འདུག་པས་ལམ་སྟོན་ཞིག་གནང་རོགས།

ལན།

གཤམ་གྱི་བརྙན་ཟློས་ལ་གཟིགས།

Epub འཕྲུལ་དེབ་བཟོ་སྟངས། སྟབས་བདེ།

 
དེ་སྔོན་གྱི་རྩོམ་ཡིག་གཅིག་ནང་འཕྲུལ་དེབ་བཟོ་བྱེད་མཉེན་ཆས་ ePubMaker ཟེར་བ་ཞིག་ངོ་སྤྲོད་བྱས་ཡོད། མཉེན་ཆས་དེ་ནི་ངས་ཚོས་རྒྱུན་གཏན་བེད་སྤྱོད་བྱེད་བཞིན་པའི་ Word མཉེན་ཆས་ནང་གི་ཡིག་ཆ་རྣམས་འཕྲུལ་དེབ་དུ་ལས་ལྷ་པོའི་ངང་བཟོ་རྒྱུ་ཡོད་པ་ཞིག་ཡིན། indesign ལྟ་བུ་མཉེན་ཆས་སྤྱོད་མི་ཤེས་མཁན་ལ་ཕན་ཐོག་པོ་ཡོད། འོན་ཀྱང་དྲ་གྲོགས་རེ་འགར་ ePubMaker བེད་སྤྱོད་གཏོང་སྟངས་མ་ཤེས་པ་འདྲ་བྱུང་བ་དང་། དམིགས་བཀར་གྱིས་བརྙན་ཟློས་ཞིག་བཟོ་རྒྱུའི་རེ་སྐུལ་བྱེད་སོང་། དེ་དུས་ངས་དེ་ལྟར་བཟོ་རྒྱུའི་ཁས་ལེན་བྱས་ཀྱང་ད་རེས་མ་གཏོགས་དྲ་ཚིགས་སུ་བཀོད་རྒྱུ་མ་རགས་པས་བསྒུག་ཡུན་རིང་སོང་། དེར་བརྟེན་ད་རེས་མཉེན་ཆས་དེ་བེད་སྤྱོད་བཏང་སྟངས་གསལ་པོ་འགྲེལ་བཤད་ཡོད་པའི་བརྙན་ཟློས་དེ་བཟོས་པ་ཡིན། ལྷན་རྒྱས་ལ་ཐུགས་ཕན་གསོ་བའི་རེ་བ་ཡོད།


མཉེན་ཆས་དེ་ཕབས་ལེན་བྱེད་དགོས་ན་དྲ་ཐག་དེར་གཟིགས། http://goo.gl/QJi085

Sky Force 5 ཕབས་ལེན།

 

ཨན་ཌའི་མ་ལག་གྱི་རྩེད་མོ་ (Sky Force v5) འདི་ནི་མཁའ་དམག་གི་ནམ་གྲུ་བཏང་ནས་དགྲ་བོའི་ས་གནས་སུ་དམག་ཐབས་ལ་བཞུགས་པའི་སྐོར་ཡིན། དམག་ཐབས་སྐབས་དགྲ་བོའི་གནམ་གྲུ་ཆེ་ཆུང་དང་། ས་འོག་ནས་མེར་རྒྱོགས་ཞུ་པ་སོགས་གོ་མཚོན་དུ་མ་ལས་གཡོལ་ཞིང་། དམག་ཐབས་རེ་རེའི་མཇུག་མཚམས་སུ་དགྲ་བོའི་གནམ་གྲུ་ཆེ་ཤོས་རེ་བསྟོར་ཐུབ་པ་དགོས་ཀྱི་ཡོད། དམག་ཐབས་ཀྱི་རིང་ས་གནས་འགའ་ཞིག་ནས་མི་སྐྱོབས་དགོས། སྐབས་སྐབས་སུ་སོ་སོར་གོ་མཚོན་ཤུགས་ཆེ་བ་དེ་འདྲ་ཡང་རགས་རྒྱུ་ཡོད།

སྐབས་རེ་རླང་འཁོར་དང་མེ་འཁོར་གྱི་འབབ་ཚུགས། ཡང་ན་གྲལ་བསྟར་རིང་པོའི་རྒྱབ་ཏུ་བསྒུག་དགོས་འཁེལ་བའི་སྐབས། ཉོབ་གསང་བའི་ཆེད་རྩེད་མོ་དེ་གཅིག་རྩེ་དང་དུས་ཚོད་ལམ་སང་ཟིན་འགྲོ།

ཨན་ཌོའི་རྩེད་མོ་དེ་ཐད་ཀར་ཕབས་ལེན་དང་ཁ་པར་ནང་སྒྲིག་འཇུག་བྱེད་ན་འགྲིགས། གསང་ཟ་ཆ་ཚང་བསྟོར་ཟིན་པས་དུས་ངེས་མེད་དུ་རྩེད་མོར་གཡེང་མཆོག །

སྒྲིག་འཇུག་བྱེད་སྟངས།

ཡིག་ཆ་ཁ་བཤིག་པའི་རྗེས། ཡིག་ཆ་དེ་དག་གློག་ཀླད་ནས་ཁ་པར་ནང་བཅུག་དགོས། བཅུག་སྟངས་ནི།
དང་པོ། pl.idreams.skyforcehd ཟེར་བའི་ཡིག་ཁུག་དེ་ཨན་ཌོའི་ཁ་པར་ནང་ ANDROID/OBB/ གྱི་ཡིག་ཁུག་ནང་འཇོག་དགོས།
དེ་ནས་ Sky Force mod_5_0.apk ཞེས་པའི་མཉེན་ཆས་དེ་ཁ་པར་ནང་ install བྱེད་དགོས། ཡིག་ཆ་དེ་ཁ་པར་ནང་ངོས་གང་དུ་ཡོད་ཀྱང་མཆོག
སྐྱིད་པོ་གཏོང་།

མཉེན་ཆས་མིང་། Sky Force 2014 MOD
ཡིག་ཆ་ཆེ་ཆུང་ 72.9mb
ཕབས་ལེན་དྲ་གནས། DOWNLOAD

སྲོང་བཙན་ཟིན་བྲིས་ཀྱི་དྲ་ཚིགས་འཇུས་བཀོད་ཟིན།

 

སྲོང་བཙན་ཟིན་བྲིས་ཀྱི་དྲ་ཚིགས་ཇུས་བཀོད་ཟིན།
དྲ་ཚིགས་ཁ་བྱང་ནི། http://tehorsonam.blogspot.in

དྲ་ཚིགས་དེའི་ནང་སྡེ་ཚན་དབྱེ་གསེས་གསལ་པོ་དང་། དྲ་ཚིགས་ཁ་ཤོག་གི་ངོས་གཙང་མ་ཡོད། དམིགས་བསལ་དྲ་ཚིགས་དེ་ནི་གློག་ཀླད་དང་། ཊེ་བྷེ་ལེཊ་ (tablet/ipad) །ལག་ཐོག་ཁ་པར་གྱི་གདོང་ངོས་ (screen) ཆེ་ཆུང་གང་ཡིན་ཡང་དེ་ལ་དཔག་པའི་དྲ་ཚིགས་ཀྱི་སྒྲོམ་གཞི་འགྱུར་ལྡོག་འགྲོ་ཐུབ་པ་དང་དྲ་ཚིགས་བལྟ་མཁན་ཀུན་ལ་ཧ་ཅང་སྟབས་བདེ་པོ་ཆགས་ཡོད། དྲ་ཚིགས་དོ་དམ་བྱེད་མཁན་ལ་ཡང་མཚོན་ན་རྩོམ་ཡིག་བཀོད་སྤེལ་བྱེད་པ་ལས་དེ་མིན་གྱི་དྲ་ཚིགས་ཀྱི་སྒྲོམ་གཞི་ལ་བསམ་བློ་བཏང་མི་དགོས། ད་ལྟ་དྲ་ཚིགས་འདི་ནི་གུ་གུལ་ཟིན་བྲིས་ཀྱི་མིང་བྱང་འོག་ཡོད། སླད་མར་དྲ་ཚིགས་ཁ་བྱང་ཞིག་གི་ཐོག་གོམ་གང་མདུན་སྤོས་ཡོང་བའི་རེ་བ་དང་མཚམས་དྲི་ཞུ།

གཤམ་ལ་དྲ་ཚིགས་ཀྱི་རྣམ་པའི་དཔེ་མཚོན་ཙམ་ཡིན།

དྲ་ཚིགས་ངོས་སུ་རྩོམ་སྤེལ་སྟངས།

 

བརྙན་ཟློས་འདི་ནི་གཙོ་བོ་ blogger དང་ wordpress , tumbler, joomla དེ་དང་དེའི་དྲ་ཚིགས་གཉེར་མཁན་དང་དོ་དམ་བྱེད་མཁན་ཚོར་དྲ་ཚིགས་ངོས་སུ་རྩོམ་ཡིག་སྤེལ་བའི་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་གི་ཐོག་ཡིན།

དྲ་ཚིགས་ཀྱི་རྣམ་པ་དང་སྒྲིག་བཀོད་ལེགས་པོ་ཡོང་མིན་ནི་གཙོ་བོ། དྲ་ཚིགས་བཟོ་བའི་སྐབས་རྒྱབ་ལྗོངས་ཀྱི་ HTML དང་ CSS, Javascript, php/asp/go སོགས་ཀྱི་ཚད་གཞི་ལྡན་མིན་དང་ལེགས་པོ་བཏགས་ཡོད་མེད་ལ་རགས་ལས་ཡོད། དེ་དག་ཆ་ཚང་སྒྲུབ་ཚར་རྗེས། དྲ་ཚིགས་བདག་པོ་དང་དྲ་ཚིགས་དོ་དམ་བྱེད་མཁན་ཚོས་རྩོམ་ཡིག་སྤེལ་བའི་སྐབས་དྲ་ཚིགས་ཀྱི་སྒྲིག་གཞི་ཁ་ཤས་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས། དེ་མིན་དྲ་ཚིགས་ཀྱི་ཚད་གཞི་ངེས་ཅན་ཞིག་ཡོད་པ་དེ་རིམ་པས་གཏོར་བརླག་ཏུ་འགྲོ་བའི་ངན་ཁ་ཡང་ཡོད། གཏོར་བརླག་ཏུ་འགྲོ་མཚམས་དྲ་ཚིགས་ཀྱི་བཀོད་པར་སྐྱོན་ཤོར་བ་མ་ཟད། དྲ་ཚིགས་ཀྱི་འཁོར་བསྐྱོད་བྱེད་ལས་ལ་ཡང་སྐྱོན་དུ་འགྲོ་སྲིད། དེར་བརྟེན་དྲ་ཚིགས་བཟོ་མཁན་དང་དྲ་ཚིགས་དོ་དམ་བྱེད་མཁན་མི་གཅིག་ཡིན་ན་རྙོག་དྲ་མེད། འོན་ཀྱང་དྲ་ཚིགས་བཟོ་མཁན་དང་དྲ་ཚིགས་བདག་པོ་མི་གཉིས་ཡིན་ན། ངེས་པར་དུ་དྲ་ཚིགས་བཟོ་མཁན་གྱིས་དྲ་ཚིགས་བདག་པོར་དྲ་ཚིགས་བདག་པོ་བརྒྱག་སྟངས་གསལ་སྟོན་གནང་དགོས་པ་དང་། དྲ་ཚིགས་བདག་པོས་ཀྱང་དེ་བཞིན་དྲ་ཚིགས་འགྲོ་ལུགས་ལག་བསྟར་བྱེད་དགོས། དེ་ནི་དྲ་ཚིགས་བཟོ་མཁན་དང་དྲ་ཚིགས་བདག་པོ་གཉིས་ཀྱི་སྐད་ཆ་རེད།

སྐབས་བབ་བརྙན་ཟློས་འདིའི་ནང་དྲ་ཚིགས་མཉེར་མཁན་ཚོས་རྩོམ་ཡིག་སྤེལ་དུས་ལག་ལེན་གནད་ཀ་ཅན་ཞིག་ཡིན།

བརྙན་ཟློས་ཀྱི་སྡོམ་ཚིག་ནི།

དྲ་ཚིགས་ཀྱི་ཡི་གེ་ཡོད་དོ་ཅོག་ཚད་གཞི་གཅིག་པ་ཡོང་དགོས་ན། རྩོམ་ཡིག་སྤེལ་བའི་སྐབས་ཐད་ཀར་དྲ་ཚིགས་ཀྱི་རྩོམ་སྤེལ་སའི་ནང་ངོས་སུ་ཡི་གེ་བཏགས་ན་འགྲིགས།

དྲ་ཚིགས་ནང་ངོས་ཀྱི་ཡི་གེ་བཏགས་སའི་ནང་ཡི་གེ་ཆུང་ཆུང་ཤར་ན། གློག་ཀླད་ཀྱི་ notepad ཐོག་རྩོམ་ཡིག་བཏགས། དེ་རྗེས་ notepad ནས་ཕར་དྲ་ཚིགས་ནང་བཤུས་ན་འགྲིགས།

མཐའ་མ་དེར། གལ་ཏེ་དྲ་ཚིགས་གཞན་ནས་རྩོམ་ཡིག་གམ། ཡང་ན་ Microsoft Word ནང་གི་རྩོམ་ཡིག་རིགས་སོ་སོའི་དྲ་ཚིགས་ནང་འཇོག་དགོས་ན། ངེས་པར་དུ་རྩོམ་ཡིག་དེ་དག་ Notepad ནང་ལེན་དགོས། དེ་ནས་གཞི་ནས་ Notepad ནས་སོ་སོའི་དྲ་ཚིགས་སུ་བཀོད་ན་འགྲིགས།

མདོར་བསྡུས་ན་བཤད་ན། ཐད་ཀར་དྲ་ཚིགས་ངོས་སུ་ཡི་གེ་བཏགས། དེ་མིན་རྩོམ་ཡིག་གཞན་རྣམས་ notepad ནས་བརྒྱུད་དགོས།

དེའི་དགོས་པ་རྒྱུ་མཚན་ནི།

དྲ་ཚིགས་ནང་དོན་མཉམ་དུ་ཡིག་རྙོག་རིགས་གཙང་སེལ་དང་། དྲ་ཚིགས་ཀྱི་ཚད་གཞི་ལག་ལྟར་ཐུབ་པ།
Word སོགས་ཀྱི་མཉེན་ཆས་ལས་ དྲ་དུག་ རིགས་མི་ཡོང་བ་དང་བཀག་ཐུབ་པ།

མཉེན་ཆས(UC Browser)

 
ཨན་ཌོ་(Android)མ་ལག་གི་ཁ་པར་སྤྱོད་མཁན་ཚོ་ལ་རང་གི་ཁ་པར་དུ་བོད་ཡིག་ཡོད་རུང་གཅིག་གྱུར་གྱི་དཀའ་ངལ་དེ་ནི་Google chrome སོགས་དྲ་འབྱེད་མཉེན་ཆས་ནས་དྲ་ཚིགས་ཁག་ལྟ་དུས་བོད་ཡིག་འཐོར་ཞིག་སོང་ནས་ལྟ་ཀློག་མི་ཐུབ་པ་དེ་རེད། དཀའ་ངལ་འདི་སེལ་དགོས་ན་ཁྱེད་ཀྱིས་UC Browser ཞེས་པ་འདི་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱོས། འདི་ནས་བོད་ཡིག་གི་དྲ་ཚིགས་ཁག་ལེགས་པར་ཀློག་ཐུབ། འདི་ཉིད་opera mini དང་མི་འདྲ་བར་ཁ་པར་གྱི་ཡིག་གཟུགས་ཅི་ཞིག་བརྗེ་རུང་དེ་བསྟུན་གྱི་ཡིག་གཟུགས་འགྱུར་བ་ཐེབས་ཀྱི་རེད།

བརྡ་འཕྲིན་མེད་པའི་འཁོར་ཡུག་ནང་གི་འཚོ་བ།

 
ད་ལོ་རི་བོ་དགེ་ལྡན་པའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་སྔ་ལོའི་གྲོས་ཆོད་བསྐྱར་བཅོས་ཀྱིས་གུང་སེང་མ་གཏོགས་ཁ་པར་སོགས་འཕྲུལ་རིགས་གཏན་ནས་བེད་སྤྱོད་མི་ཆོག་ཅེས་གྲོས་ཆོད་འཇོག་གནང་ཞིང་། གདན་ས་གྲྭ་ཚང་ཁག་གིས་དམ་ནན་བྱེད་དགོས་པས་བཀའ་རྒྱ་ཕེབས་འདུག་པར་གཞི་བཟུང་གིས་འདི་ག་གྲྭ་ཚང་དུ་འདིའི་ཐད་དོ་ནན་ཆེས་ཆེར་བཏང་ནས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད།

མ་གཞི་གྲོས་ཆོད་འདི་འདྲ་འཇོག་དགོས་པའི་གཞི་རྩ་ནི་སྔ་ལོ་ཞིག་ལ་༸གོང་ས་མཆོག་གི་སྙན་དུ་ཕྱི་རྒྱལ་དུ་བཞུགས་པའི་དགེ་བཤེས་ཤིག་གིས་གདན་ས་ཁག་ཏུ་སློབ་གཉེར་ཉམས་ཆག་འགྲོ་གཞིར་ལ་ཁ་པར་བེད་སྤྱོད་གཏོང་མཁན་མང་ཚུལ་ཞུས་པ་ལས་༸གོང་ས་མཆོག་གིས་ཁ་པར་སོགས་རྣམ་གཡེང་གི་རྒྱུ་རྐྱེན་མང་དུ་སོང་ནས་སློབ་གཉེར་འཐུས་་ཤོར་སོང་ན་མི་འགྲིག་པའི་དཀའ་སློབ་ཕེབས་གནང་དང་། གདན་སའི་མཁན་ལས་ཟུར་ཚོར་སློབ་གཉེར་ཚགས་ཚུད་དང་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཅི་ཡོད་ཚོགས་འདུ་འཚོགས་ཐུབ་ན་ཡག་པོ་ཡོད་ཚུལ་གསུངས་གནང་ལ་བརྟེན་ནས་འདི་ལོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་འཚོགས་ནས་གྲོས་གཞི་དང་གྲོས་ཆོད་གསར་འཇོག་དང་བསྐྱར་བཅོས་འགའ་རེ་གནང་ཡོད་པ་རེད། ལྷན་ཚོགས་ཀྱིས་དགོངས་པ་ཆེ་བཞེས་ཀྱིས་གྲོས་ཆོད་དེ་འདྲ་འཇོག་ཡོད་པ་ཐེ་ཚོམ་མེད་རུང་གྲོས་ཆོད་འདིས་འཕྲུལ་རིགས་ཀྱི་འཁོར་ཡུག་ནང་དུ་གོམས་འདྲིས་སུ་སོང་ཡོད་པའི་དེང་གི་གཞོན་སྐྱེས་ཚོར་དཀའ་ངལ་ཧ་ཅང་ཤུགས་ཆེན་རེའང་འཕྲད་བཞིན་ཡོད། ཁ་པར་དང་གློག་ཀླད་ནི་རིག་མཛོད་ཆེན་པོ་ཞིག་ཡིན་ལ་དྲ་བ་ནི་ཅི་འདྲི་ལ་ལམ་སྟོན་གནང་ཐུབ་པའི་དགེ་རྒན་ཞིག་ཡིན་པས་དེང་སྐབས་སློབ་ཆེན་དང་གཙུག་ལག་སློབ་གྲྭ། ཁྱད་ལས་དང་ཉམས་ཞིབ་པའི་སློབ་མ་སུ་ཡིན་རུང་དེ་སྔ་བཞིན་དཔེ་མཛོད་ཁང་དུ་དཔེ་བཤུ་དང་དཔེ་ཀློག་ལ་འགྲོ་མི་དགོས་པར་དྲ་བ་ནས་ཐད་ཀ་ཡིག་ཆ་འཚོལ་བཤུས་དང་དགོས་ངེས་དཔེ་དེབ་དང་ཆེད་རྩོམ་ཁག་ཕབ་བཤུས་དང་ཟུར་བལྟ་བྱས་ཏེ་ཆེད་རྩོམ་དང་ཉིན་རེའི་སློབ་ཚན་སྦྱོང་བཞིན་ཡོད།

 ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་པའི་གདན་སའི་དགེ་འདུན་པ་དྲུག་གིས་སློབ་ཆེན་དེར་སློབ་སྦྱོང་བྱེད་སྟངས་སྐོར་གཅའ་འདྲི་ཞིག་ཏུ་འདི་ལྟར་གསུངས་འདུག ཉིན་རེར་སློབ་གྲྭའི་སྒོ་ཆེན་ནས་ཡར་འཛུལ་པར་ནང་སྦྱོང་རྩོམ་ཡིག་ཤོག་ལྷེབ་ཉི་ཤུ་དེ་སྟོན་རྒྱུ་མེད་ཚེ་འཛུལ་ཐབས་བྲལ་བ་རེད། དགེ་རྒན་གྱིས་འདི་དང་འདིའི་སྐོར་རྩོམ་ཡིག་བྲིས་ཤོག་ཅེས་ནང་སྦྱོང་སྐུར་ཡོང་ལ་ཕྱིར་ཁྱིམ་དུ་སླེབས་མ་ཐག་ནང་སྦྱོང་ཆེད་གློག་ཀླད་བརྒྱུད་དྲ་རྒྱ་ཁག་ནས་དེ་རིང་རྩོམ་ཡིག་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་དང་ཟུར་བལྟའི་རྩོམ་ཡིག་ལྟ་ཀློག་བྱས་ཏེ་ནང་སྦྱོང་རྩོམ་ཡིག་དེ་འབྲི་དགོས། གལ་ཏེ་འདི་འབྲི་ཐུབ་མེད་ཚེ་སློབ་གྲྭ་སྒོ་ཆེན་ཡར་ཐར་རྒྱུ་མ་རེད་ཟེར། (ཚིག་ཇི་བཞིན་མིན)

ནུབ་ཕྱོགས་པའི་སློབ་འབྲིང་ཡན་གྱི་སློབ་མ་ཚོས་ནང་སྦྱོང་བྱེད་སྐབས་དྲ་བ་བེད་སྤྱོད་ནི་མེད་ཐབས་མེད་པ་ཞིག་ཡིན་འདུག འདི་ནི་ནུབ་ཕྱོགས་པ་ཚོ་དྲ་བ་ལ་དགའ་དྲགས་པ་དང་ཡང་ན་ཤེས་ཚད་མཐོ་དྲགས་པ་ཞིག་མ་ཡིན་པར་དྲ་བ་བརྒྱུད་ནས་ཡིག་ཆ་འཚོལ་ཐབས་དང་དཔེ་དེབ་ལྟ་ཀློག་དེ་གང་ལས་ཀྱང་ལས་སླ་བ་དང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་རེད། གལ་སྲིད་དཔེ་མཛོད་ཁང་ནས་དཔེ་ཆ་བཅུ་གྲངས་ཤིག་ལྟ་ཀློག་དགོས་ཚེ་དཔེ་ཆ་ཡར་འཇོག་མར་ལེན་དང་དགོས་ངེས་དཔྱད་གཞི་འཚོལ་བསྡུ་བྱས་ཏེ་ཆུ་ཚོད་འགའ་ཤས་ནང་དུ་ཚར་ཐབས་མེད་པ་རེད། ད་དུང་ཕབ་བཤུས་བྱེད་དགོས་ན་རེ་རེ་བཞིན་འབྲི་དགོས་སྟབས་དུས་ཚད་ག་ཚད་རྫོགས་འགྲོ་བ་གསལ་པོ་རེད།
ང་ཚོའི་སྤྱི་ཚོགས་ནང་དུའང་ཨ་གསར་དང་རྫིག་ངོམ་བྱེད་པ་ཞིག་མ་ཡིན་པར་རྩོམ་ཡིག་དང་དཔེ་ཆ་གསར་རྩོམ། ཉིན་ཐོ་དང་ཟུར་ཐོ་འབྲི་འགོད་བྱེད་པར་དཔྱད་གཞིའི་ཡིག་ཆ་འཚོལ་ཐབས་དང་བརྡ་དག་དང་མིང་ཚིག ཚིག་གསར་སོགས་ཁ་པར་དང་གློག་ཀླད་ཀྱི་དྲ་བ་བརྒྱུད་ཧ་ཅང་སྟབས་བདེའི་ཐོག་ནས་ཕབ་བཤུས་དང་དཔེ་བལྟ་བྱེད་བཞིན་ཡོད། ང་རང་ལ་མཚོན་ན་ཆེས་དཀའ་ས་དེ་དག་ཆ་ཡིན། གལ་སྲིད་བྱ་ཚིག་གིས་གྲུབ་པའི་མིང་ཚིག་<གཏོར་བརླག>དང་མིང་ཚིག་གཉིས་འདུས་ཀྱི་<ཉེ་འཁོར><ཉེ་ཁོར>ལྟ་བུ་འབྲི་དགོས་ན་དཔེར་ན། གཏོར་རླག/གཏོར་བརླགས།/གཏོར་རླགས/མིང་ཚིག་ཏུ་འབྲི་དུས་གང་ཞིག་སྤྱོད་དགོས་པ་མ་ཤེས་པའི་སྐབས་དྲ་བའི་ནང་དུ་<གཏོར་བརླག>བྲིས་དེ་འཚོལ་ན་ལམ་སང་མིང་ཚིག་ཅི་ཞིག་བེད་སྤྱོད་བྱེད་བཞིན་པ་ཤེས་ཐུབ། འདི་དང་འདིས་མཚོན་པས་བྱ་ཚིག་གིས་གྲུབ་པའི་མིང་ཚིག་དང་ཚིག་བསྡུ་མང་པོ་ཞིག་ཚིག་མཛོད་ནས་རྙེད་ཐབས་མེད་པར་མཁས་དབང་ཚོའི་གསུང་རྩོམ་དང་ཆེད་རྩོམ་ཁག་ནས་རྙེད་ཐབས་བྱེད་དགོས་པས་རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་དྲ་བ་ནི་ཁ་འབྲལ་ཐབས་མེད་པ་ཞིག་རེད།

གུང་སེང་ཉིན་མོར་ཀློག་པའི་གསར་འགྱུར་དེ་ཐོན་ནས་བདུན་ཕྲག་གཅིག་སོང་ཞིང་བདུན་ཕྲག་གཅིག་ཏུ་སོང་བའི་གནས་ཚུལ་དེ་རྙིང་པ་ཞིག་གྱུར་ཚར་བས་གསར་འགྱུར་ཞིག་ནམ་ཡང་ཆགས་མེད། འདི་ལྟར་རྗེས་ལུས་དང་ལྐུག་ཐོམ་ཐོམ་ཞིག་གྱུར་ཚེ་སྤྱི་ཚོགས་ནང་དུ་སྐུ་ཞབས་ཚོ་ཤ་ཚ་སྐད་ཤེས་གི་མི་འདུག་ཅེས་གླེན་ལྐུག་ཅིག་བརྩི་བཞིན་པ་ལ་ཤ་ཚ་ས་ཁ་སྣོན་གཅིག་བྱས་པ་རེད། ད་དུང་གླེན་ལྐུག་དང་<ཀ་ཅ>གྱི་མཐོང་ཚུལ་ལྷག་མ་ཞིག་ཨེ་དགོས་སྙམ། མི་རེ་འགས་སྤྱི་ཚོགས་དང་འབྲེལ་མེད་ལྟར། ཅི་བཤད་ཅི་མཐོང་ལ་སྣང་ཆུང་རེ་བྱེད་མོད། བསྟན་པ་རིང་དུ་གནས་འདོད་དང་འདུས་སྡེ་ཡར་མཚོ་བཞིན་རྒྱས་འདོད་ཡོད་ན་སྤྱི་ཚོགས་ཁ་འབྲལ་ཐབས་མེད་ལ་སྤྱི་ཚོགས་ཀྱི་མིག་ནང་དུ་རིན་ཐང་དང་ཡིད་སྨོན་བྱེད་ས་ཞིག་ཆགས་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་བ་ཡིན། འདི་ལྟར་མ་བྱུང་ཚེ་སྤྱི་ཚོགས་དང་ཁ་ཐག་རིང་དུ་སོང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡོང་ཐབས་མེད་ལ་དགོན་སྡེ་དག་ཀྱང་རིམ་བཞིན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་འགྱུར་རྒྱུ་ཐེ་ཚོམ་མེད།

ཚན་རིག་གི་ལྟ་གྲུབ་གླེང་རེ་བཞིན་ཡེ་ཤུ་ཆོས་པ་ཚོས་མགོ་དཀྱག་ས་མེད་པ་ཞིག་ཆགས་ནས་གཞོན་སྐྱེས་ཚོས་ཆོས་ལུགས་རྨོངས་དད་དུ་བརྩི་བའི་བསམ་བློ་དེ་བཞིན་སྲ་བརྟན་དུ་གཏོང་བཞིན་ཡོད། ངེད་ཅག་བོད་ཀྱི་སྤྱི་ཚོགས་ནང་དུ་དུས་རབས་ཤེས་ཡོན་འཛུགས་པའི་ལོ་རྒྱུས་གླེང་སྐབས་གདན་ས་ཁག་གིས་འགོག་རྒོལ་བྱས་པའི་ལོ་རྒྱུས་དེ་དོན་ཡོང་ལ་མཐའ་ན་བོད་ཀྱི་རྐང་རྩེད་སྤོ་ལོའི་བྱུང་རབས་ལ་གདན་ས་ཁག་གི་བཀག་འགོག་བྱས་ཚུལ་གླེང་ཡོང་བས་ནང་བསྟན་ལ་རྒྱུས་མངའ་ཉུང་བའི་བོད་ཀྱི་གཞོན་སྐྱེས་ཚོས་ནང་བསྟན་དེ་བཞིན་རྨོངས་དད་དང་ལྷ་སྒྲུང་དུ་བརྩིས་ནས་ནང་བསྟན་དང་རྒྱང་རིང་དུ་འགྲོ་བཞིན་ཡོད། བྱུང་རབས་འདི་དང་འདྲ་བར་ད་སྐབས་ཀྱི་འཕྲུལ་རིགས་འགོག་པའི་བཅའ་ཁྲིམས་དེ་དག་ཀྱང་མི་ལོ་ལྔ་བཅུའི་རྗེས་སུ་བོད་ཀྱི་དུས་རབས་འཕྲུལ་རིགས་ཀྱི་བྱུང་བའི་ཁྲོད་ན་ནག་ཉེས་ཤིག་ཏུ་གྱུར་ནས་ངེད་ཅག་གྲྭ་པ་ཚོའི་མགོ་དཀྱག་ས་མི་རག་པའི་དུས་ཚད་ཅིག་ཏུ་འགྱུར་སྲིད་པ་ཡིན།

གང་ལྟར་འཕྲུལ་རིགས་བཀག་སྡོམ་ལ་ངོ་རྒོལ་དང་མི་འདོད་པ་ཞིག་མ་ཡིན་པར་གྲོས་ཆོད་དེའི་འོག་ཏུ་དཀའ་ངལ་ཡང་སྣ་ཚོགས་ཤིག་འབྱུང་བཞིན་པ་གསལ་བཤད་ཙམ་ཡིན། སླད་ནས་ལས་སྣེ་ཚོར་ཅི་འགབ་ཀྱི་གྲོལ་མོལ་དང་གཤམ་འོག་ཏུ་དཀའ་ངལ་ཅི་ཡོད་ཤེས་ཐུབ་པའི་ཁུངས་སྣེ་རེ་ཡོང་སྲིད་པས་ད་ཐེངས་ཁོ་བོས་གནས་ཚུལ་རེ་གཉིས་ཁ་གསལ་རེ་གཏོན་པ་ཡིན། 

སྤྲིན་སྐོར་གཞས་སྡེབས་ཤིག

 

ཏྲེ་ཧོར་བསོད་ནམས་ལགས་ཀྱི་ཆེད་དྲ་ཚིགས་འཇུས་བཀོད་བྱེད་བཞིན་ཡོད། དེའི་བར་ཉིན་ཤས་འགོར་སྲིད། གཤམ་དེར་བོད་གཞས་སྙན་པོ་ཞིག་དང་། བར་བར་ལ་ཁ་མཚར་གྱི་སྒྲུང་ཐུང་ཐུང་ཞིག་ལ་སྤྲོ་གྱེས་ཡོད་བའི་རེ་བ་ཞུ། འཁོར་ཐག་གི་ལེ་ཚན་དེ་ཧ་ཅང་རྙིང་པ་རེད། ཕལ་ཆེར་ང་ཚོ་མང་པོ་ཞིག་ཀྱང་རྒྱུན་རིང་པོའི་རྗེས་དེ་རིང་གཞི་ནས་ཉན་རྒྱུ་བྱུང་ཡོད་ངེས། གཞས་དེ་དབྱིན་ཡིག་ཐོག་ Trinkhor Cassette 1 ཟེར་བཀོད་འདུག །བོད་ཡིག་ཐོག་་་་་འཕྲིན་སྐོར་ཡིན་ནམ་་་་་་སྤྲིན་སྐོར་ཡིན་ནམ་ངས་ཀྱང་གསལ་པོ་མ་ཤེས།

འཁོར་ཐག་དང་པོར་གཞས་ཁྱོམ་བསྡོམས་ 24 འདུག །ངས་དྲ་ཚིགས་བཟོ་ཞོར་གཞས་དེ་ཚོ་རེ་རེ་འདིར་བཅུག་བཞིན་ཡོད། ད་ལྟ་གཞས་ཆ་ཚང་བཅུག་ཚར་མེད། བྱས་ཙང་དུས་ཚོད་སྟོང་པར་ཡང་བསྐྱར་གཟིགས་དང་། ཆ་ཚང་བཅུག་ཚར་བའི་རེ་བ་ཡོད།

2015 ལོའི་ཊོ་རེན་གྱི་དྲ་ཚིགས་ལེགས་ཤོས་བཅུ།

 
Torrent Freak (TF) ཞེས་པའི་དྲ་ཚིགས་ཤིག་ཀྱིས་འདི་ལོ་ 2015 ནང་ ཊོ་རེན (torrent) བེད་སྤྱོད་བཏང་མང་ཤོས་བྱུང་བའི་དཔྱད་ཞིབ་ཀྱི་མཐའ་སྡོམ་ནང་འདི་ལོའི་ཊོ་རེན་གྱི་དྲ་ཚིགས་བཅུའི་མིང་ཐོ་གསལ་ཡོད། ཊོ་རེན་ནི་དྲ་རྒྱའི་ཐོག་ཡོད་པའི་ཡིག་མཛོད་ཆེན་པོ་ཞིག་ཡིན་པ་དང་། གཞུང་དང་སྲིད་འཇུས་ཀྱི་འོག་དྲ་སྡེ་དེ་ལ་གཏོར་སྒོལ་ཡང་ཡང་ཡོང་གི་ཡོད། དཔེར་ན་ 2014 ལོ་མཇུག་ཙམ་ནས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་དེ་བཞིན་རྒྱ་གར་གཞུང་ནས་ཀྱང་ཊོ་རེན་གྱི་དྲ་ཚིགས་ཡོད་དོ་ཅོག་ ISP[1] རྒྱུད་བཀག་དགོས་པའི་བཀའ་རྒྱ་བཏང་བ་ནས་བཟུང་ཊོ་རེན་གྱི་དྲ་ཚིགས་བརྒྱ་ཕྲག་མང་པོ་ཞིག་དང་། དེ་འདྲ་བའི་དྲ་ཚིགས་གཞན་སྟོང་ཕྲག་ཁ་ཤས་འགག་པ་རེད།

གཙོ་བོ་ཊོ་རེན་ནི་དྲ་ཚིགས་ཤིག་དང་དྲ་ཚིགས་དེ་ནི་ཡིག་ཆ་ཅི་རིགས་རགས་ཐུབ་པའི་ཡིག་(རིག)མཛོད་ཆེན་པོ་ཞིག་རེད། ཊོ་རེན་དེ་དྲ་ཚིགས་གཞན་དང་མི་འདྲ་ས་གཙོ་བོ་ནི། ཡིག་ཆ་ཉར་སྟངས་དང་ཕབས་ལེན་བཀོལ་སྤྱོད་ལག་ལྟར་རྒྱུན་དང་མི་འདྲ། ཕབས་ལེན་ཆེད་མཉེན་ཆས་ཀྱང་དམིགས་བསལ་སྤྱད་དགོས། ཡིག་མཛོད་དུ་ཡོད་པའི་ཡིག་ཆ་དེ་དག་ཕལ་ཆེ་བ་དཔར་བསྐྲུན་གྱི་བདག་དབང་ལས་ཕྱོགས་བསྒལ་བྱེད་དེ་ཕབས་ལེན་དང་རྒྱུད་སྤེལ་བྱེད་ས་ཞིག་ཆགས་ཡོད། ཊོ་རེན་གྱི་སྐོར་རྒྱས་པ་འདིར་གཟིགས།

གཤམ་གྱི་རྩོམ་ཡིག་དེའི་རྒྱུད་ཊོ་རེན་གྱི་དྲ་གནས་མང་པོ་ཤེས་ངེས། གལ་ཏེ་ཊོ་རེན་གྱི་དྲ་གནས་དེ་དག་ལས་ཡིག་ཆ་ཕབས་ལེན་བྱེད་སྟངས་ཤེས་འདོད་ནས་རྗེས་མའི་རྩོམ་ཡིག་ནང་བཀོད་ངེས་ཡིན་པས་ངང་བསྒུག་གནང་རོགས།

TF གྱིས་ལོ་ལྟར་ཊོ་རེན་དྲ་གནས་ལེགས་ཤོས་བཅུ་རེའི་སྙན་ཐོ་བཏོན་གྱི་ཡོད། ལོ་དེ་གའི་ནང་དམིགས་བསལ་གནས་ཚུལ་ཁ་ཤས་མ་གཏོགས་འགྱུར་བ་དེ་ཙམ་ཕྱིན་མེད། འགྱུར་བ་ཆེ་ཤོས་དང་གནས་ཚུལ་ཚ་ཤོས་ནི་ The Pirate Bay (TPB) དྲ་གནས་གཞུང་ཕྱོགས་ནས་རྒོལ་རྡུང་བཏང་བ་དེ་རེད། TPB དྲ་གནས་འདིའི་སྐོར་རྒྱས་པ་ཤེས་འདོད་ན་འདིར་གཟིགས།

ཕྱི་ལོ་ 2008 ནས་ TPB ནི་ཊོ་རེན་དྲ་གནས་ཨང་དང་པོའི་པྲོག་ཞུ་འཛིནཡོད་པ་དང་། ཀུན་གྱིས་ཡོངས་གྲགས་སུ་བརྩིས་པའི་མཉེན་ཆས་དང་ཡིག་ཆ་ཕེབས་ལེན་བྱེད་སའི་ཡིག་མཛོད་ལྟེ་གནས་ཞིག་ཡིན། འོན་ཀྱང་དེ་ལོའི་ལོ་སྟོད་ནས་ TPB འགག་པའམ་ཞབས་ཞུ་སྐྱོ་བོ་ཆགས་པའི་རྐྱེན་གྱིས་ Kickass Torrents གྱིས་འདི་ལོའི་ཊོ་རེན་ཨང་དང་པོ་དེ་ཆགས་ཡོད།

1. KickAssTorrents (KAT)
kickass.to ནི་ཕྱི་ལོ་ 2009 ལོར་གོ་འཛུགས་པ་དང་། ད་ལོ་ PBT ལ་བསྟོར་རྒོལ་མ་བྱུང་བའི་སྔ་རོལ་དུ་ KAT གྱི་དྲ་ཚིགས་བཤེར་གྲངས་ཨང་དང་པོར་ཟིན་ཡོད། ལོ་མང་རིང་གཞུང་ཕྱོགས་ཀྱི་བཀའ་འདོམས་དུ་མ་ལས་གཡོལ་ཐབས་དང་འབད་བརྩོན་འོག་དྲ་ཚིགས་དེས་རང་གི་དྲ་ཚིགས་མིང་བྱང་གི་མངའ་ཁོངས་(དབྱིན་ཡིག་ཏུ་ Domain ཟེར་བ ) ཡང་ཡང་བརྗེ་པོ་བརྒྱག་དགོས་བྱུང་ཡོད། ཉེ་ཆར་གོ་གསལ་ལྟར་ན་ Somalian མངའ་ཁོངས་ཀྱི་མིང་བྱང་གསར་ kickass.so ཐོག་གནས་སྤོ་བྱེད་འཆར་ཡོད་ཟེར།

2. TORRENTZ.in
http://www.torrentz.eu/ དྲ་གནས་དེས་ལོ་མང་པོའི་རིང་ཊོ་རེན་ཡིག་འཚོལ་ཞབས་ཞུ་གཙོ་བོ་ཞིག་ཡིན། ཊོ་རེན་གྱི་དྲ་གནས་གཞན་དང་མི་འདྲ་བ་དྲ་གནས་དེ་ལ་ TORRENTZ ཁོ་རང་རང་སོར་ཡིག་གསོག་ལྟེ་གནས་ཞིག་མེད། དྲ་གནས་དེས་དྲ་མྱུལ་བྱེད་མཁན་ལ་ཊོ་རེན་གྱི་ཡིག་ཆ་དགོས་གལ་རིགས་ལ་ཕྱོགས་སྟོན་བྱེད་རོགས་བྱེད་པ་ཙམ་རེད། TORRENTZ ལ་མངའ་ཁོངས་ཀྱི་མིང་བྱང་མང་པོ་ཡོད་ཀྱང་སྐད་གྲགས་ཚ་ཤོས་ནི་ .eu བྱས་པ་དེ་རེད།

3. EXTRATORRENTS.cc
ExtraTorren ནི་ད་ལྟ་ཡང་མུ་མཐུད་འཚང་ག་ཡོད་སའི་དྲ་གནས་སུ་འགྱུར་བཞིན་ཡོད་པ་དང་། ཊོ་རེན་དྲ་གནས་དེའི་ཐོག་གྲོས་བསྡུར་དང་ཡིག་ཆའི་སྐོར་གྱི་དཀའ་གནད་སེལ་རོགས་བྱེད་མཁན་གྱི་དྲ་སྡེ་ཧུར་ཤོས་ཞིག་ཡིན། ETTV དང་ ETRG ཚོགས་མི་སྐད་གྲགས་ཆེ་ཤོས་དེ་གཉིས་ཀྱང་དྲ་གནས་དེའི་ཐོག་ཡོད། ETTV ནི་གཟུགས་མཐོང་གློག་འཕྲིན་གྱི་ལེ་ཚན་ (མུ་འབྲེལ་སྒྲུང་གཏམ) ལེགས་གྲས་རྣམས་དྲ་ཚོགས་ཐོག་ཕབ་ལེན་དུ་འཇོག་མཁན་སྐད་གྲགས་ཅན་ཞིག་ཡིན། ETRG གྱིས་ཧོ་ལོ་ཝུཊ་ (hollywood )གློག་བརྙན་སྐད་གྲགས་ཆེ་ཤོས་དེ་ཕབས་ལེན་དུ་འཇོག་མཁན་ཞིག་ཡིན། ཚོགས་མི་དེ་གཉིས་ཀྱིས་ཉིན་ལྟར་གློག་བརྙན་གྲངས་ལས་འདས་པ་ཕབ་ལེན་དུ་འཇོག་གི་ཡོད། གཅིག་བྱས་ན་ (དངོས་དང་རྒྱུད་གང་ཡིན་ཡང་ )ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་གློག་བརྙན་མི་ཉུང་ཞིག་ཁོང་གཉིས་ཀྱི་དཀའ་དྲིན་ལ་བརྟེན་ནས་སླེབས་པ་ཡིན་ཀྱང་སྲིད།

4. ThePirateBay.se (TPB)
ད་ལྟའི་དུས་སུ་ TPB གི་དྲ་ཚིགས་ཨ་མ་དེས་ཊོ་རེན་གྱི་ཡིག་ཆ་ཕབས་ལེན་མི་ཐུབ་ངེས། འོན་ཀྱང་རྒྱལ་ཁབ་ཁ་ཤས་ནང་ལྷག་ཡོད་པའི་ TPB གྱི་དྲ་བཤུས་དེ་དག་ད་དུང་སྐབས་ཕྲལ་རིང་ཞབས་ཞུ་སྒྲུབ་ཀྱི་ཡོད། དཔེར་ན། oldpiratebay.org ལྟ་བུ་ད་ལྟ་ཡིན་ཡང་དྲ་གནས་དེའི་ཐོག་ཡོང་མཁན་མང་བས་ཊོ་རེན་དྲ་ཚིགས་ཨང་བཞི་པ་དེ་ཆགས་ཡོད།

5. YTS.to
YTS ནི་ཊོ་རེན་ཚོགས་མིང་གཞན་ “YIFY” ཡང་ཟེར་བ་དང་། དཔར་སྐྲུན་དག་དབང་མེད་པའི་གློག་བརྙན་ཕབས་ལེན་དུ་འཇོག་མཁན་སྐད་གྲགས་ཆེ་ཤོས་དེ་ཡིན། ཨིན་ཇིའི་ཁྲིམས་ཁང་གིས་ཊོ་རེན་ཚོགས་པ་དེ་ ISP ནས་བཀག་དགོས་པའི་དཀའ་རྒྱ་བྱས་ཀྱང་དྲ་གནས་དེ་ད་དུང་ཡང་བཀག་ཐུབ་རྒྱུ་ལས་ལྡོག་ཏེ་ཉིན་རེ་བཞིན་རྒྱ་བསྐྱེད་འགྲོ་བཞིན་ཡོད་པ་རེད།

6. EZTV.ch
ཊོ་རེན་དྲ་གནས་དེ་ནི་དམིགས་བཀར་གཟུགས་མཐོང་གློག་འཕྲིན་ཐོག་སྟོན་པའི་གློག་བརྙན་དང་ལེ་ཚན། མུ་འབྲེལ་སྒྲུང་རྣམས་ཕབས་བཤུའི་ཆེད་འཇོག་མཁན་ཞིག་ཡིན། བདུན་ཕྲག་རེའི་ནང་ཊོ་རེན་བཅུ་བཅུ་གཅིག་ལས་མ་སྤེལ་རུང་། དྲ་རྒྱའི་ཚང་ཀ་ཆེ་ཤོས་དང་། དྲ་མི་ས་ཡ་ཁ་ཤས་འབྱོར་གྱི་ཡོད།

7. RARBG.com
Bulgarian tracker ཟེར་བའི་མིང་བྱང་ཐོག་སྔ་ལོ་གསར་དུ་འགོ་བཙུགས་པའི་ཊོ་རེན་དྲ་གནས་ཞིག་ཡིན། དྲ་ཚུགས་གསར་པ་ཡིན་ཙང་མི་མང་པོ་ཞིག་དེའི་ཕྱོགས་སུ་འཐེན་འགྲོ་གི་ཡོད། དྲ་གནས་དེ་ཟླ་སྔོན་མའི་ནང་ཨིན་ཇིའི་རྒྱལ་ཁབ་ནང་བཀག་པ་རེད། འོན་ཀྱང་ཨང་རིམ་བཅུ་པའི་གྲལ་དུ་ཚུད་ཐུབ་པ་བྱུང་ཡོད།

8. ISOHUNT.to
Isohunt.com དྲ་གནས་གཏོར་རྒོལ་བྱུང་བའི་བདུན་ཕྲག་གཉིས་ཀྱི་རྗེས་ 2013 ལོར་ Isohunt.to འགོ་བཙུགས། དྲ་ཚིགས་དེ་ནི་ isoHunt ཞེས་པའི་ཁོང་གཏོགས་གང་ཡིན་མིན་པའི་སྒེར་གཉེར་རང་སོར་གནས་ཐུབ་མཁན་ཞིག་ཡིན། དྲ་གནས་དེ་དང་ oldpiratebay.org ཐོག་ལས་ཀ་བྱེད་མཁན་ཤོག་ཁག་གཅིག་པ་རེད།

9. 1337X.to
1337x ནི་དྲ་མི་མང་པོས་མཉམ་རུབ་དང་འབད་སྤུངས་བྱེད་སའི་དྲ་གནས་ཞིག་ཡིན། དྲ་གནས་དེའི་བདག་པོས་ "ང་ཚོས་དྲ་ཚིགས་དེ་གོ་འཛུགས་བྱས་ཏེ་ཁྱབ་བསྒྲགས་རིགས་གཅིག་ཀྱང་མེད་པའི་དྲ་ཚིགས་ཁམས་གཙང་མ་ཞིག་ཁྱེད་རྣམས་ལ་ཕབ་ལེན་དུ་འཇོག་འདོད་ " ཅེས་ཟེར། འདི་ལོ་དྲ་ཚིགས་ཁ་བྱང་ 1337X.org དེ་བསྐྱུར་ནས་ 1337X.to ཐོག་སྤོས་ཟིན།

10. LIMETORRENTS.cc
Limetorrents.cc དྲ་རྒྱའི་ཐོག་སླེབས་ནས་ལོ་མང་པོ་ཕྱིན་ཟིན་པ་དང་། འདི་ལོའི་ཨང་རིམ་བཅུ་པའི་མིང་གཞུང་ནང་སླར་ཡང་འཚུད་ཐུབ་པ་བྱུང་ཡོད། དྲི་ཚིགས་འདིའི་ཐོག་ The Expendables 3 ཞེས་པའི་གློག་བརྙན་དེ་ཕབས་ལེན་དུ་བཞག་པའི་རྐྱེན་གྱིས། LionGate གློག་བརྙན་འགྲེམས་སྤེལ་ཁང་གིས་ Limetorrents ཁྲིམས་འགལ་བྱེད་པའི་ཉེས་འཛུགས་བྱས་ཡོད། ཁྲིམས་རྩོད་མུ་མཐུད་འགྲོ་བཞིན་ཡོད།

[1] ISP : Internet Service Provider ཟེར་བ་ནི་དྲ་རྒྱའི་འགྲོ་ལམ་ཨ་མ་དེ་ཡིན། ISP རྒྱུད་ནས་སྒེར་དང་ཚོགས་པ་ཁག་གི་དྲ་རྒྱའི་ཞབས་ཞབས་ཞུ་དྲ་མིན་སླེབས་ཀྱི་ཡོད།

Window 8/8.1/10 ཡིག་གཟུགས་བརྗེ་བསྒྱུར་མཉེན་ཆས།

 

དྲི་བ་གཏོང་མཁན། འབར་ཞུན།

བཀའ་འདྲི་གཞན་ཞིག་ཞུ་འདོད་པ་ནི།   གུས་པས་རྒྱུན་དུ་གློག་ཀླད་ཀྱི་སྒེའུ་ཁུང་ windows 7 སྤྱོད་ཀྱིན་ཡོད་མོད།  སྐབས་རེར་གྲོགས་པོ་ཚོས་སྒེའུ་ཁུང་ windows 8 ཅན་གྱི་གློག་ཀླད་རེ་ཁྱེར་ཡོང་ནས་མདུན་ངོས་ཀྱི་བོད་ཡིག་ཆེ་རུ་གཏོང་དགོས་པར་སྐུལ་མོད།   ཁོ་བོས་ཚོད་ལྟ་ཅི་ཙམ་བྱས་ཀྱང་སྒེའུ་ཁུང་བརྒྱད་པའི་སྟེང་ནས་བོད་ཡིག་ཇི་ལྟར་ཆེ་རུ་གཏོང་དགོས་རྩ་ནས་མ་ཤེས་ལ།  གཞན་འགའ་རེར་དྲིས་ཀྱང་མི་ཤེས་པས།  དོན་ངོ་མར་སྒེའུ་ཁུང་བརྒྱད་པ་ལའང་སྒེའུ་ཁུང་བདུན་པ་ལྟར་མདུན་ངོས་ཀྱི་བོད་ཡིག་ཆེ་རུ་གཏོང་ཐུབ་བམ།  གལ་ཏེ།  ཐུབ་ཚེ་ལམ་སྟོན་ཞིག་གནང་རོགས།

ལན།

དེ་སྔ་སྐར་ཁུང་བདུན་པའི་ནང་བོད་ཡིག་ཡིག་གཟུགས་སྒྲིག་ས་དེ་སྐར་ཁུང་བརྒྱད་པའི་ནང་མེད་པ་བཟོས་ཡོད། དེར་བརྟེན་ལས་ལྷ་པོའི་ངང་བཟོ་མི་ཐུབ་པ་ཆགས་ཡོད། དགོས་པའི་དབང་གིས་མི་ཚོས་ཡིག་གཟུགས་བརྗེ་བསྒྱུར་ཆེད་སྐར་ཁུང་གི་ registery ཞེས་པའི་སྒྲིག་བཀོད་དཀར་ཆག་
HKEY_LOCAL_MACHINE\SOFTWARE\Microsoft\WindowsNT\CurrentVersion\FontSubstitutes\MSShellDlg
དང་
HKEY_LOCAL_MACHINE\SOFTWARE\Microsoft\WindowsNT\CurrentVersion\FontSubstitutes\MSShellDlg 2

གཉིས་ཀྱི་ནང་FontSubstitutes འཚབ་ཏུ་རང་ཉིད་ཀྱི་ཡིག་གཟུགས་ཀྱི་མིང་བཀོད་དེ་བཟོ་བཅོས་བྱེད་ཀྱི་ཡོད། འོན་ཀྱང་སྐར་ཁུང་གི་ registery ནང་ལག་པ་འཆང་བའི་སྐབས་ཟབ་ནན་ངེས་པར་དུ་བྱེད་དགོས་པ་ལས། ལྷོད་གཡེང་ངང་ནོར་འཁྲུལ་བཟོས་ན་སྐར་ཁུང་ལ་སྐྱོན་ཆ་བཏང་སྲིད་པ་ཡང་ཡོད། གལ་ཏེ་གཏན་པོ་བྱས་ན་གོང་གི་ཐབས་ཇུས་དེ་སྤྱད་ན་གློག་ཀླད་ཀྱི་ཡིག་གཟུགས་གང་འདོད་ལྟར་འགྱུར་བ་བཏང་ཐུབ། དེ་ནི་ཐབས་ཤེས་གཅིག་རེད་ཡིན་ནའི་སྙོགས་དྲ་ཅན་ཞིག་མཐོང་། དེའི་སྐོར་འགྲོ་ལུགས་གསལ་པོ་བཤད་ཀྱི་མིན།

འདི་ན་སྐབས་དོན་ཆད་འདོད་པ་ནི་ཟླ་ཤས་སྔོན་དྲ་རྒྱའི་ཐོག་ window 8 and 8.1 Font Changer ཞེས་པའི་མཉེན་ཆས་ཆུང་ཆུང་ཞིག་ཐོན་པ་དང་། མི་མང་པོས་མཉེན་ཆས་དེའི་སྐོར་འགོད་སྤེལ་བྱེད་ཀྱི་འདུག །འོན་ཀྱང་མཉེན་ཆས་དངོས་གནས་དེ་རགས་ཐབས་ནི་བྱེ་ཐང་ནང་ནང་ལྡེ་མིག་འཚོལ་བ་འདྲ་པོ་རེད་འདུག །དེར་བརྟེན་སྐབས་ཤིག་རིང་འཚོལ་རྒྱུ་མཚམས་བཞག་པ་ཡིན། དེ་ནས་བདུན་ཕྲག་གསུམ་གྱི་གོང་ལ་ལྟེ་དབང་གི་གུས་པར་དྲ་ཚིགས་ཤིག་ནས་མཉེན་ཆས་དེ་ཕབས་ལེན་བྱེད་ཐུབ་སོང་། མཉེན་ཆས་དེ་རགས་པ་དང་རང་ཉིད་ཀྱི་གློག་ཀླད་ནང་ཚོད་ལྟ་བྱས། ཡག་པོ་འགྲོ་གི་འདུག །མཉེན་ཆས་དེ་དམིགས་བསལ་སྒྲིག་འཇུག་བྱེད་མི་དགོས་པའི་ཁར་མཉེན་ཆས་ཁ་ཕྱེ་པ་དང་བེད་སྤྱོད་བཏང་མཆོག་མཆོག་རེད་འདུག

སྐར་ཁུང་ 8 པའི་ནང་བོད་ཡིག་ཡིག་གཟུགས་སྒྲིག་སྟངས།

༡ ༽མཉེན་ཆས་དེ་ཁ་ཤར་བ་དང་། བྱེད་སྟངས་སྐར་ཁུང་བདུན་པ་ལྟར་རེད།
འདེམས་གའི་ནང་ item = IconFont དང་ Font = Monlam Uni Ouchan1
ཡིག་གཟུགས་དེ་ཁྱེད་ཀྱི་འདོད་མོས་རེད། དེ་ན་ Apply ཐོག་སྣོན།
༢ ༽ སྐར་ཁུང་སྒོ་བརྒྱག་པའི་སྔོན་བརྡ་བཏང་བ་དང་། Log Off ཐོག་གནོན་དགོས།
༣ ༽ སྐར་ཁུང་ངོས་ཀྱི་ཡིག་ཆ་ཁག་གི་མིང་བོད་ཡིག་ནང་ཡོད་པ་དེ་དག་ཤར་ངེས།

སྐར་ཁུང་ 8 པའི་ནང་ཡིག་གཟུགས་ཆེ་ཆུང་སྒྲིག་སྟངས།

སྐར་ཁུང་གི་ཡིག་གཟུགས་བརྗེས་ཟིན་ཀྱང་ཡིག་གཟུགས་ཆུང་དྲགས་པའམ་ཆེ་ཆུང་སྒྲིག་དགོས་ན། གཤམ་གྱི་ལག་བསྟར་ལྟར་གྱིས།
༡ ༽ གློག་ཀླད་མདུན་ངོས་ (Desktop) ནས་ཙི་ཙི་གཡས་པ་གནོནནས་ Personalize འདེམས།


དེ་ནས་གཡོན་ངོས་གཤམ་དེར་ Display ཐོག་གནོན།

སྡེ་ཚན་དེའི་ནང་སྐར་ཁུང་གི་ཡིག་གཟུགས་ཆེ་ཆུང་སྒྲིག་ས་དེ་རེད། དེ་ནས་གཤམ་གྱི་ Change only the text size གི་འདེམས་གའི་ནང་དང་པོ་ Icon འདེམས་དགོས། དེ་ནས་ཡིག་གཟུགས་ཆེ་ཆུང་ཇི་དགོས་ཨང་གྲངས་ 8, 9, 10...སོགས་གང་དགོས་ཁྱེད་ཀྱིས་འདེམས་ནས། མཐའ་མ་དེར་ Apply ཞེས་གནོན་དགོས།

དེ་ལྟར་སྐར་ཁུང་ 8 པའི་ནང་བོད་ཡིག་ཡིག་གཟུགས་སྒྲིག་སྟངས་ཆ་ཚང་འཚར་བ་རེད། གལ་ཏེ་ཁྱེད་ལ་གསལ་པོ་མ་མཁྱེན་པའི་གདོགས་གཞི་འཆར་ཚེ་གཤམ་ལ་གུས་མཆན་དང་ཡིག་འབྲེལ་གནང་རོགས།

མཉེན་ཆས་མིང་། window 8 and 8.1 Font Changer.exe

ཡིག་ཆ་ཆེ་ཆུང་ 767 kb
ཕབལ་ལེན། དྲ་གནས་དང་པོ། Download Link 1
ཕསས་ལེན། དྲ་གནས་གཉིས་པ། Download Link 2