འཕྲིན་ཡིག་སྐྱེལ་སྟངས་རྣམ་པ་སྣ་ཚོགས།


མཚན་རྩལ་གྱི་འཕེལ་རྒྱས་འགྲོ་བ་དང་བསྟུན་མི་ཕན་ཚུན་བར་འཕྲིན་ཡིག་བཏང་རྒྱུ་ནིལས་ལྷ་ཤོས་གཅིག་ཆགས་ཡོད། ད་ཆ་ལག་ཐོག་ཏུ་ཁ་པར་ཅིག་ཡོད་ཕྱིན་དུས་ཚོད་སྐར་ཆ་གཅིག་གཉིས་ལས་མི་འགོར་བར་ལན་བསྐུར་རེས་ཐུབ་པ་ཞིག་ཡོང་གི་ཡོད། ང་ཚོས་ཤེས་གསལ་ལྟར་ལོ་གྲངས་བཅུའི་སྔ་རོལ་དུ་དེ་ལྟར་མིན། དེ་བས་ཀྱང་ལོ་གྲངས་ 100 དང་ 1000 སྔོན་དུ་དེ་བས་མི་འདྲ། སྤྱིར་མི་ཚང་མས་ཕུག་རོན་དང་། ཁྱི་ལ་སྦྱོང་བསྡར་སྤྲད་ནས་འཕྲིན་ཡིག་སྐྱེལ་བའི་གནས་ཚུལ་ཤེས་ཀྱི་ཡོད། འོན་ཀྱང་དེ་རིང་ཤེས་བྱའི་ཟེགས་མའི་དེབ་རྙིང་ཞིག་ཀློག་པའི་སྐབས་འཕྲིན་ཡིག་སྐྱེལ་སྟངས་རྣམ་པ་སྣ་ཚོགས་བྱུང་བ་ཤེས་འཕྲལ་ཡ་མཚན་དང་སྦྲགས་དེར་ཡི་གེར་བཏགས་ནས་ཁྱེད་རྣམས་ལ་ཀློག་སྤྲོ་བའི་རེ་བ་ཡོད།

འཕྲིན་ཡིག་སྐྱེལ་སྟངས་རྣམ་པ་སྣ་ཚོགས།

ས་ཚུགས་བརྒྱུད་ནས་འཕྲིན་ཡིག་སྐྱེལ་བ་ནས་རླངས་འཁོར་ཐོག་ཏུ་འཕྲིན་ཡིག་སྐྱེལ་བ་དང་། དེ་ནས་ད་ལྟའི་དེང་རབས་ཅན་གྱི་འཕྲིན་ཡིག་སྐྱེལ་སྟངས་ལ་སླེབས་པ་དེ་ནི་སྤྱི་ཚོགས་ཀྱི་ལག་རྩལ་གསར་བརྗེ་ཐེངས་མང་པོ་བྱས་པ་དང་འབྲེལ་རིམ་གྱི་གོང་འཕེལ་བྱུང་ཞིག་རེད། ཡིན་ནའང་གནའ་བོའི་འཕྲིན་ཡིག་སྐྱེལ་སྟངས་ལ་ཕྱི་མིག་བལྟས་ཚེ་ངོ་མཚར་ཅན་མང་པོ་ཡོད་པས་ན་འདིར་ངས་གཟིགས་པ་པོ་རྣམས་ལ་དངོས་དཔེ་འགའ་ཞིག་ངོ་སྤྲོད་ཞུ་རྒྱུར།

ཁྱི་འཕྲིན། རང་རྒྱལ་ཞི་ཅིན་དུ་དུས་སྐབས་ཀྱི་རྩོམ་རིག་པ་ལུའུ་ཅིས་ཁྱི་གསོས་ནས་འཕྲིན་ཡིག་སྐྱེལ་དུ་བཅུག་མྱོང་བ་དང་། རྒྱ་ཁྱབ་ཆེ་བའི་སྒོ་ནས་ཁྱི་གསོས་ཏེ་འཕྲིན་ཡིག་སྐྱེལ་དུ་བཅུག་པའི་དུས་ནི་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་དུས་སུ་ཡིན་ཞིང་། སྐབས་དེར་ཧེ་ལུང་ཅང་གཙང་པོའི་སྨད་རྒྱུད་དུ་”ཁྱི་སྡོད་ས་ཚུགས་” 24 བཙུགས་ཡོད་པ་དང་ཁྱི་ལ་བརྟེན་ཏེ་གཞུང་ཡིག་དང་འཕྲིན་ཡིག་སྐྱེལ་གྱི་ཡོད་པ་རེད།

ཞུམ་འཕྲིན། 1879 ལོར་པི་ལི་ཧྲི་རྒྱལ་ཁབ་ཀྱིས་ཞུམ་བུ་ 37 བཏང་ནས་འཕྲིན་ཡིག་སྐྱེལ་མྱོང་། བྱི་ལ་དེ་རིགས་ཀྱིས་ལེ་དབར་ 38 ཕན་ཆད་ཀྱི་ས་ཆ་ཁག་ཏུ་འཕྲིན་ཡིག་སྐྱེལ་ཐུབ།

སྤྲེལ་འཕྲིན། ཉི་རི་ལི་ཡ་རྒྱལ་ཁབ་ཀྱི་པེ་ཁ་ས་ཞེས་པའི་ས་གནས་སུ་སྤྲེའུ་བེད་སྤྱད་ནས་འཕྲིན་ཡིག་སྐྱེལ་གྱི་ཡོད་པ་རེད། སྤྲེའུ་དེ་རིགས་ནི་མ་བུ་གཉིས་དུས་དང་རྣམ་པ་ཀུན་ཏུ་འབྲལ་མེད་དུ་འགྲོགས་ནས་གནས་པ་ཞིག་ཡིན་སྟབས་མི་རྣམས་ཀྱིས་སྤྲེའུ་མ་དང་སྤྲེའུ་ཕྲུག་གཉིས་ས་ཆ་མི་འདྲ་སར་ཁ་ཁར་བཀག་སྐྱིལ་བྱས་ཐོག །སྤྲེའུ་ཕྲུག་ཨ་མ་བཙལ་བར་གཏོང་བའི་ཐབས་ཤེས་ལ་བརྟེན་ནས་འཕྲིན་ཡིག་སྐྱེལ་ལམ་རྒྱུས་ལེན་བྱེད་དུ་འཇུག་གི་ཡོད་པ་རེད། སྦྱོང་བརྡར་དེ་འདྲ་བྱས་པ་བརྒྱུད་གལ་སྲིད་སྤྲིའུ་མ་ཡོད་སར་འཕྲིན་ཡིག་སྐྱེལ་དགོས་བྱུང་ཚེ་འཕྲིན་ཡིག་སྨྱུག་སྦུག་ནང་བླུག་ཏེ་སྤྲེའུ་ཕྲུག་གི་སྒལ་པའི་ཐོག་ཏུ་བཏགས་ནས་སྤྲེའུ་མ་སྡོད་སར་གཏོང་གི་ཡོད་པ་རེད།

རྟ་འཕྲིན། དུས་རབས་བཅུཔའི་སྐབས་སུ་ཨོ་གོར་རྟས་འཕྲིན་ཡིག་སྐྱེལ་སྟངས་ཡོད་ཅིང་། 1824 ལོར་འཕྲིན་རྟ་ 56000 ཡོད་པ་དང་། འཕྲིན་ཡིག་སྐྱེལ་ས་ལམ་ཐག་རིང་ཤོས་སྤྱི་ལེ་ 13860 བར་དུ་འགྲོ་ཐུབ།

ཕུག་རོན་གྱི་འཕྲིན་སྐྱེལ། དུས་རབས་ 18 པར་དབྱིན་གོ་རུ་མི་མང་པོས་ཕུག་རོན་ཡིག་འཕྲིན་སྐྱེལ་བར་གཏོང་གི་ཡོད་པ་རེད། གོ་ཐོས་སུ་དབྱིན་གོ་བ་ཚའེ་མོན་ཧུའོ་ཧྥུས་འཕྲིན་སྐྱེལ་ཕུག་རོན་ལས་ཧྥ་གོ་དམག་དཔུང་ཧྭ་ཐིའེ་ལུའུ་ས་ཆ་རུ་དམག་ཕམ་པའི་འཕྲིན་གསར་གཞན་གྱི་སྔོན་ལ་ཐོས་རྗེས་ག་ས་གར་ཕྱིན་ནས་རྐང་དངུལ་འཛིན་ཡིག་དང་བུམ་འཛིན་ཉོ་སྒྲུབ་བྱས་པ་དང་། དེ་ནས་རྐང་དངུལ་འཛིན་ཡིག་གི་གོང་ཡར་སྤར་རྗེས་ཕྱིར་བཙོང་སྟབས་དངུལ་མང་པོ་རག་ནས་ཕྱུག་པོ་ཆེན་པོ་ཆགས་པ་རེད་ཟེར་བའི་ངག་རྒྱུན་འདུག

རྔ་བྱའི་འཕྲིན་སྐྱེལ། ཧྥེ་གླིང་གི་ལུང་ཁུག་ཀྱག་ཀྱོག་འགའ་ཤས་སུ་མི་རྣམས་ཀྱིས་སྐེ་ལ་ཡིག་ཁུག་བཏགས་ཡོད་པའི་བྱ་རྔ་མོང་མགྱོགས་མྱུར་དུ་འགྲོ་བ་མཐོང་ཐུབ། དེ་ནི་ས་ཆ་དེ་རིགས་སུ་འགྲེམ་འགྲུལ་མི་བདེ་བས་བྱ་རྔ་མོང་སྦྱོང་བརྡར་བྱས་ནས་འཕྲིན་ཡིག་སྐྱེལ་མཁན་བྱེད་ཀྱི་ཡོད་པ་དེ་རེད།

ཉ་འཕྲིན། སི་ཁན་ཏི་ན་ཝེ་ཡ་ཕྱེད་གླིང་གི་མཐའ་འཁོར་དུ་གནས་པའི་སྡོད་དམངས་ཀྱིས་ 1880 ལོའི་སྔོན་ནས་ཉ་ལེབ་ལེབ་ཞིག་སྤྱད་ནས་འཕྲིན་ཡིག་སྐུར་གྱི་ཡོད་ཅིང་། ཉ་དེ་རིགས་ལ་གོམས་གཤིས་ངེས་གཏན་ཞིག་ཡོད་པ་སྟེ། ཉིན་རེ་བཞིན་ཁྱུ་དང་ཁྱུ་བྱས་ཏེ་མཚོ་འགག་གི་ཚུར་ཁ་ནས་ཕར་ཁར་རྒྱུགས་འགྲོ་བ་དང་། ཞག་གཅིག་བསྡད་རྗེས་སླར་ཡང་ཚུར་ལོག་ཡོང་གི་ཡོད་པ་ལོ་ཧྲིལ་པོར་འགྱུར་ལྡོག་མེད། དེར་བརྟེན་ས་དེ་གའི་སྡོད་དམངས་ཀྱིས་ཉའི་འཚོ་བའི་ཆོས་ཉིད་དེ་རྟོགས་ནས་ཞོགས་པར་འཕྲིན་ཡིག་བླུག་ཡོད་པའི་ཁུག་མ་ཆུང་ཆུང་ཆུ་ནང་དུ་བཞག་ནས་ཉ་རྣམས་ལ་ཆུའི་ཕར་ཁར་འདེད་དུ་འཇུག་གི་ཡོད་པ་དང་། ཕྱི་ཉིན་ཡང་ཆུའི་ཕར་ཁའི་འཕྲིན་ཡིག་ཚུར་ཁར་འདེད་ཡོང་དུ་འཇུག་གི་ཡོད་པ་རེད།

དབུགས་ལྒང་གི་འཕྲིན་སྐྱེལ། སྔར་པ་ལི་གྲོང་ཁྱེར་ཕུའུ་ལུའུ་ཧྲིའི་དམག་དཔུང་གིས་སྐོར་སྡོམ་བྱས་རྗེས་གྲོང་ཁྱེར་ཕྱི་ལོགས་ཀྱི་མིས་དབུགས་ལྒང་ 55 སྤྱད་ནས་སྤྱིའི་ལྗིད་ཚད་སྤྱི་རྒྱ་ 11561 ཡོད་པའི་འཕྲིན་ཡིག་ 25000 གྲོང་ཁྱེར་ནང་དུ་བསྐུར་ཏེ་འཕྲིན་གསར་བརྒྱུད་བཤད་དང་བདེ་འཚམ་ལྷུགས་འདྲི་བྱས་པ་རེད།

ཤོག་བྱའི་འཕྲིན་སྐྱེལ། ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ངོ་ལོག་དམག་དཔོན་ཐན་ཡུའེ་གི་དམག་དཔུང་གིས་ལིང་ཨན་མཁར་གྲོང་བསྐོར་བ་རེད། སུང་རྒྱལ་རབས་ཀྱི་དམག་དཔོན་ཀྲང་ཕི་ཞེས་པས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་རུང་། དུས་ཡུན་རིང་པོར་རོགས་མེད་ཁེར་རྐྱང་དུ་མཁར་གྲོང་སྲུང་མི་ཐུབ་སྙམ་ནས་སྐྱོབ་དམག་འབོད་ཆེད། ཀྲང་ཕིས་མཁར་གྲོང་ནང་རོགས་སྐྱོར་ཞུ་ཡིག་ཅིག་ཤོག་བྱའི་ཐོག་ལ་བཏགས་ཏེ་ནམ་མཁའ་ནས་ཕྱི་ལོགས་སུ་བཏང་བ་མཐར་ལག་ཏུ་འབྱོར་ཏེ་སྐྱོབ་དམག་སླེབས་པ་རེད།

སྒྱོགས་འཕྲིན། 1475 ལོ་ཧྥ་གོའི་ཉི་སི་མཁར་གྲོང་དམག་དཔུང་གིས་བསྐོར་བ་རེད། གང་འདྲ་བྱས་ཏེ་ཕྱི་ལོགས་དང་འབྲེལ་བ་འཛུགས་དགོས་སྙམ་ནས་སེམས་ཁོང་དུ་ཆུད་པའི་སྐབས་སུ། བློ་རིག་ལྡན་པའི་མི་ཞིག་གིས་འཕྲིན་ཡིག་མེ་སྒྱོགས་སྟོང་པ་ཞིག་གི་ནང་བཞག་ནས་འཕངས་པ་ན། འཕྲིན་ཡིག་དགྲ་བོའི་མགོ་ཐོག་ནས་ཕྱི་ལོགས་སུ་སྐྱེལ་ཐུབ་པ་བྱུང་བ་རེད།

དམ་བིའི་འཕྲིན་སྐྱེལ། 1493 ལོ་ཀོ་ལུན་པུའུ་ཡིས་སྐམ་ས་ཆེན་པོ་གསར་པར་རྟོག་ཞིབ་བྱས་ཚར་རྗེས་ཕྱིར་ལོག་སྐབས། ཁོས་གྲུ་གཟིངས་རྐྱེན་ངན་གྱི་དབང་དུ་ཤོར་མི་ཡོང་ངམ་སྙམ་ནས་འཕྲིན་ཡིག་གཅིག་དང་མེ་གླིང་གི་ས་ཁྲ་གཅིག་དམ་བིའི་ནང་བཅུག་སྟེ་ཏ་ཞི་དབྱང་རྒྱ་མཚོ་ཆེན་པོའི་ནང་འཕངས་པ་རེད། སྟབས་ལེགས་པ་ཞིག་ལ་ཀོ་ལུན་པུའུ་སྔ་ས་ནས་བདེ་འཇགས་ངང་སི་པན་ཡར་སླེབས་པ་རེད། འཕྲིན་ཡིག་དེ་ 1852 ལོ་མེ་གོའི་གྲུ་དཔོན་ཞིག་གིས་གཟི་ནས་ཀྲི་པུའུ་ལུའོ་ཐུའོ་མཚོ་འགག་ཏུ་རྙེད་ཅིང་། འཕྲིན་ཡིག་དེ་ལོ་ 35 མཚོ་ངོས་སུ་གཡེང་བ་རེད།

གླུ་འཕྲིན། ཅི་ནི་ཡའི་ནུབ་ཁུལ་ཏུ་ཡིག་སྐྱེལ་ལས་ཁུངས་ཡོད་པ་མ་རེད། དེ་གའི་མི་རིགས་ཀྱི་གླུ་བ་ཁ་ཤས་ཡོད་པ་དེ་ཚོ་ལོ་ལྟར་ཞིང་ལས་དལ་དུས་དང་ལྷག་པར་ཐོན་ལེགས་བྱུང་རྗེས་ས་ཆ་གཞན་དག་ལ་ཡུལ་སྐོར་དུ་འགྲོ་གི་ཡོད་ཅིང་། ཞོར་དུ་སྡོད་དམངས་ཀྱི་འཕྲིན་ཡིག་དང་དངོས་པོ་སྐྱེལ་རོགས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོ་ས་ཆ་རེ་རེར་སློབས་སྐབས་ཐང་སྟོང་ཞིག་ཏུ་ངག་གྱེར་ནས་གླུ་ལེན་ཞིང་། བབ་བསྟུན་གྱིས་གླུ་ཙིག་ནང་འཕྲིན་ཆ་བཞག་ཏེ་ཉན་མཁན་རྣམས་ལ་ལེན་བཤད་བྱེད་ཀྱི་ཡོད་པ་རེད། ཉན་མཁན་ཚོས་འཕྲིན་ཚིག་གོ་རྗེས་གཅིག་བཤད་གཉིས་ལབ་ཀྱིས་བདག་པོར་འཕྲོད་ཐབས་བྱེད་ཀྱི་ཡོད་པ་རེད། གླུ་གཞས་ལ་བརྟེན་ནས་འཕྲིན་ཡིག་སྐུར་བ་དེ་ནི་དངོས་གནས་ཐབས་མཆོག་ཅིག་རེད།

(འཇམ་དབྱངས་གཡུ་སྒྲོན་གྱིས་བསྒྱུར།)
ཤེས་བྱའི་ཟེགས་མ། དེབ་ཨང་ 37 ནས་བཏུས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *