དྲ་སྒོའི་སྒང་གི་ཁྱབ་བསྒྲགས་བཀག་ཐབས།

དྲི་བ།

གྲོགས་པོ་བསོད་ནམས་ཟླ་བ་ལགས།   འདིར་ཡང་དཀའ་ངལ་ཞིག་འཕྲད་བྱུང་བས་མི་ཞུ་ཐབས་མེད་འདུག   ཉིན་འདི་ཚོར་གུས་པའི་གློག་ཀླད་ལས་དྲ་སྒོ་ཕྱེས་པ་དང་། ཁྱབ་བསྒྲགས་ཀྱི་པར་རིས་སྣ་ཚོགས་ཡང་ཡང་མདུན་ངོས་སུ་ཐོན་འོང་བས།  འདིར་ཐབས་ཤེས་ཅི་ཞིག་བྱ་དགོས་པ་རེད།  ཡང་ན་དེའི་གནད་དོན་ཅི་ཞིག་རེད།  ལམ་སྟོན་ཞིག་གནང་རོགས།  

ལན།

དྲ་མྱུལ་མཉེན་ཆས་ངོས་སུ་ཁྱབ་བསྒྲགས་དེ་དག་སྡེ་ཚན་གཙོ་བོ་གཉིས་སུ་དབྱེ་མཆོག །གཅིག་ནི་དྲ་ཚིགས་རང་ངོས་སུ་ཡོད་པའི་ཁྱབ་བསྒྲགས་དང་། དཔེར་ན་བོད་ཀྱི་དུས་འབབ་དྲ་ཚིགས་ཀྱི་ཟུར་གཡས་པར་གླ་ཡོད་ཀྱི་ཁྱབ་བསྒྲགས་དེ་དག་ལྟ་བུ། གཉིས་ནི་གློག་ཀླད་ནང་མཉེན་ཆས་ཆོ་མེད་འགའ་འཛུལ་ནས་གཞན་གྱི་ཁྱབ་བསྒྲགས་རྣམས་དོན་མེད་དུ་དྲ་མྱུལ་མཉེན་ཆས་ཀྱི་སྟེང་དུ་ཤར་འོང་བ་དེ་རིགས་ཡིན།

ཁྱབ་བསྒྲགས་རིགས་གཉིས་པ་དེས་དྲ་མྱུལ་ཐུབ་རྒྱུར་བར་ཆད་ཆེ་ཤོས་དེ་ཆགས་ཡོད། ཁྱབ་བསྒྲགས་དེའི་རིགས་ནི་སྐབས་རེ་དྲ་དུག་ཕོག་ནས་བྱུང་བ་དང་། སྐབས་རེ་མཉེན་ཆས་གསར་པ་ཞིག་བཅུག་ནས་བྱུང་བ། ཡང་ན་དྲ་མྱུལ་མཉེན་ཆས་ཀྱི་ addon/extension གསར་པ་དེ་འདྲ་འཛུལ་ནས་ཆགས་ཀྱི་ཡོད། དེར་བརྟེན་གནས་སྟངས་འདྲ་མིན་ལ་གཞིགས་པའི་བཅོས་སྟངས་རེ་ཡོད་དགོས།

འོན་ཀྱང་འདིར་ངས་སྤྱིར་བཏང་གི་དཀའ་ངལ་སེལ་སྟངས་ཞིག་སྟོན་གྱི་ཡིན། ཕལ་ཆེར་ཆོ་མེད་ཀྱི་ཁྱབ་བསྒྲགས་དེ་རིགས་བཀག་ཐུབ་པའི་རེ་བ་ཡོད།

ཁྱབ་བསྒྲགས་བཀག་སྟངས།

༡༽ ཁྱབ་བསྒྲགས་ཆོ་མེད་དེ་རིགས་ག་དུས་ཐོན་སྒོ་བཙུགས་སོང་། ཁྱབ་བསྒྲགས་དེ་རིགས་མ་ཐོན་གོང་ཁྱེད་ཀྱིས་གློག་ཀླད་ནང་མཉེན་ཆས་གསར་པ་འདྲ་བཅུག་མེད་དམ། དྲི་བ་དེར་བསམ་བློ་ཞིག་བཏང་ན་གཅིག་བྱས་ན་ཁྱེད་ཀྱིས་ཉེ་ཆར་མཉེན་ཆས་གསར་པ་དེ་བཅུག་ནས་ཁྱབ་བསྒྲགས་ཆོ་མེད་དེ་དག་འདོན་སྒོ་བཙུགས་ཡོད་སྲིད། དེ་བརྟེན་མཉེན་ཆས་དེ་གསུབས་ནས་གཅིག་བལྟ་ན་དཀའ་ངལ་གསལ་སྲིད།

༢༽ Control Panel\Programs\Programs and Features\ ནང་གཅིག་གཟིགས་དང་། དེའི་ནང་ནས་མཉེན་ཆས་དོགས་གཞི་ཅན་འདྲ་ཡོད་ན་དེ་གསུབས་ནས་ཚོད་ལྟ་ཡང་བྱེད་ན་འགྲིགས། འོན་ཀྱང་གློག་ཀླད་ཀྱི་དགོས་མཁོའི་མཉེན་ཆས་གཞན་ཡང་མང་པོ་ཡོད་པས། དེ་རིགས་གསུབ་མི་ངན་དེ་མིན་གློག་ཀླད་ཀྱི་འཁོར་སྐྱོད་ལ་སྐྱོན་འགྲོ་སྲིད་པས་ཐུགས་ལ་འཇག་རོགས།

༣༽ ཁྱེད་ཀྱི་ Chrome དྲ་མྱུལ་མཉེན་ཆས་ཀྱི་རྒྱབ་སྒྲོམ་ extension ལ་གཟིགས་དགོས། དེའི་ནང་གལ་སྲིད་དོགས་གཞི་ཅན་དང་ཁྱེད་ཀྱིས་སྒྲིག་བཅུག་མ་བྱས་པའི་ extension དེ་དག་གཙང་གསུབ་བཏང་དགོས། གལ་ཏེ་ Firefox སྤྱོད་མཁན་ཞིག་ཡིན་ན། Firefox གྱི་Addon སྡེ་ཚན་ནང་གཟིགས་ནས་བེད་མེད་ཀྱི་ addon དེ་དག་གསུབས་དགོས།

༤༽ དེ་ནས་ཕྱིན་ཆད་དྲ་ཚིགས་ཁག་ཏུ་ཁྱབ་བསྒྲགས་དེ་རིགས་ཡོངས་སུ་བཀག་ཐུབ་པའི་སླད། chrome extesion ཁ་ཤས་ཤིག་བཅུག་ཐུབ་ན་ཧ་ཅང་ཡག་པོ་ཡོད། དཔེར་ནས་ Adblock Pro དང་ WOT, Adblock for Youtube ལྟ་བུ། དེ་དག་ firefox གྱི་ Addon ནང་དུའང་བཅུག་རྒྱུ་ཡོད།

  • Adblock Pro གྱིས་ཁྱབ་བསྒྲགས་ཆོ་མེད་དེ་དག་བཀག་ཐུབ།
  • WOT གྱིས་དྲ་ཚིགས་ཡག་སྡུག་དང་དྲ་ཚིགས་ལ་དྲ་དུག་ཡོད་རིགས་ལ་དམར་རྟགས་བརྒྱབ་ནས་དེ་དག་ཁ་ཕྱེ་རྒྱུ་མེད་པའི་ལམ་སྟོན་བྱེད་ཀྱི་རེད།
  • Adblock for Youtube གྱིས་ཡུ་ཊུབ་ནང་གི་ཁྱབ་བསྒྲགས་རྣམས་བཀག་ཐུབ་པ་དང་ཡུ་ཊུབ་ཀྱི་གློག་བརྙན་རྣམས་སྤྲོ་པོ་བྱེད་ནས་བལྟ་ཐུབ།

དེར་བརྟེན་ extsion/addon དེ་རིགས་ཁྱེད་ཀྱི་དྲ་མྱུལ་མཉེན་ཆས་ནང་མེད་དུ་མེད་རུང་ཞིག་རེད།

༥༽ དེར་གལ་ཆེ་ཤོས་གཅིག་ནི། སོ་སོའི་གློག་ཀླད་ནང་དྲ་དུག་འགོག་ཐུབ་པའི་ AntiVirus མཉེན་ཆས་དེ་ཏག་ཏག་ཞིགཡོད་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ། AntiVirus ཡོད་པ་ཙམ་མ་ཟད་དྲ་དུག་འགོག་ཆས་དེ་ལས་ཀ་ལས་པ་དང་། དུས་ཐོག་ update ཡིན་དགོས། དེ་མིན་གོང་གི་ཐབས་ཤེས་བཞི་པོ་སྐབས་ཕྲལ་རིང་དཀའ་ངལ་སེལ་ཐུབ་པ་འདྲ་སྲིད་ཀྱང་། གཏན་ཏུ་དཀའ་ངལ་སེལ་མེད།

མཐའ་དོན་གོང་གི་ཐབས་ཤེས་དེ་དག་སྤྱད་ན་ཆོ་མེད་ཀྱི་ཁྱབ་བསྒྲགས་དེ་རིགས་བཀག་ཐུབ་མིན་བལྟ་དགོས་པའི་སྤྱིར་བཏང་གི་ལམ་སྟོན་ཙམ་ཡིན། དེ་མིན་གློག་ཀླད་ནང་དྲ་དུག་ཕོགས་ཏེ་ཆགས་པའི་གནད་དོན་རིགས་ཡིན་ན། དེ་དག་ལ་སོ་སོའི་དམིགས་བཀར་ཐབས་ཤེས་རེ་ཡོད་སྲིད་ལ་ AntiVirus གྱི་ update གསར་པ་རགས་མ་ཐག་དཀའ་ངལ་ཐ་དག་སེལ་ཐུབ་པ་ཡང་ཆགས་འགྲོ་གི་ཡོད། དེ་དག་གཙོ་བོ་གནས་སྟངས་རེ་རེ་ལ་སེལ་སྟངས་རེ་རེ་ཟེར་བ་འདྲ་པོ་རེད།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *