ཁྱེད་ཀྱིས་ OTG ཇི་ལྟར་བེད་སྤྱོད་གཏོང་གི་ཡོད།

ཨན་ཌོའི་ཁ་པར་བཟོ་གྲྭ་མང་པོ་ཞིག་གིས་རྙོག་ཁྲལ་གང་ལ་ཡང་མ་བསམ་པར་ USB On-the-Go ཟེར་བའམ་བསྡུས་ཚིག་ཏུ་ OTG ཟེར་བའི་བེད་སྤྱོད་ཅན་གྱི་ཁྱད་ཆོས་གསར་པ་ཞིག་སྦྱར་བཞིན་ཡོད། གལ་ཏེ་མཐུན་རྐྱེན་འདི་ཡོད་ན། ཁྱེད་ཀྱི་ལག་ཐོག་ཁ་པར་འདི་གཙོ་འཁོར་ཞིག་ཏུ་འགྱུར་ཐུབ་པ་དང་། ཡན་ལག་གི་གློག་ཆས་དཔེར་ན། མཐེབ་སྡེར་ (pendrive) དང་ མཐེབ་གཞོང་ལ་སོགས་པ་དེ་དག་འདིར་མཐུད་དེ་བཀོལ་སྤྱོད་ཐུབ་ཀྱི་ཡོད།

OTG ནི་ "On the go" ཟེར་བ་དང་བསྡུས་ཚིག་རེད། གློག་ཆས་གཉིས་ OTG ཐོག་ཡོད་ན། གློག་ཆས་དེ་གཉིས་བར་འབྲེལ་ལམ་བཙུག་ཐུབ་པ་དང་། དེ་གཉིས་བར་ལས་ཀ་སྒྲུབ་ཐུབ་པའི་བྱ་ནུས་གསར་པ་རགས་ཀྱི་ཡོད། དེར་དཔེ་མཚོན་ལེགས་ཤོས་ནི། དེ་སྔོན་ང་ཚོས་མཐེབ་སྡེར་ནང་གི་ཡིག་ཆ་དེ་རིགས་གློག་ཀླད་རྒྱུད་རང་ཉིད་ཀྱི་ལག་ཐོག་ཁ་པར་ནང་བཤུ་དགོས་ཀྱི་ཡོད། ད་ཆ་ལག་ཐོག་ཁ་པར་མང་པོའི་ནང་ OTG གྱི་མཐུན་རྐྱེན་དེ་ཡོད་པར་བརྟེན་གློག་ཀླད་མི་དགོས་པར་ལག་ཐོག་ཁ་པར་གྱིས་མཐེབ་སྡེར་ཁ་བསྔོག་ཐུབ་པ་དང་གཞན་ཡང་ལག་ཐོག་ཁ་པར་དང་དཔར་སློག་འཕྲུལ་ཆས་(printer)གཉིས་མཐུད་དེ་ཡི་གེ་དཔར་སློག་བརྒྱག་ཐུབ་པ་སོགས་ཆགས་ཡོད་པ་ལྟ་བུ་རེད། ཁྱེད་ཀྱི་ལག་ཐོག་ཁ་པར་དེ་ OTG ཡིན་མིན་ཤོག་སྒམ་གྱི་ངོས་སུ་གཤམ་གྱི་རྟགས་དེ་ཡོད་མེད་ནས་ཤེས་ཐུབ
ཁ་པར་ཉོ་སྐབས་ཕྱི་ཤོག་ལ་ལས་རྟགས་འདི་འདུག་ན་ཁྱེད་ཀྱི་ཁ་པར་དེ་ OTG ཡིན་པ་རེད།

OTG ཆ་རྐྱེན་དང་དགོས་མཁོ།

སྤྱིར་བཏང་བྱས་ན་ OTG གྱི་མཐུན་རྐྱེན་ལྡན་པའི་ལག་ཐོག་ཁ་པར་དང་ཊེབ་ལེཊ་ཚང་མས་མཐེབ་སྡེར་དང། མཐེབ་གཞོང་། ཙི་ཙི། སྲ་སྡེར་སོགས་བེད་སྤྱོད་ཡོང་ཐུབ་ཀྱི་ཡོད་ཀྱང་། སྐབས་རེ་མཐུད་ས་དང་མཐུད་མཁན་གཉིས་བར་ལ་མཐུན་སྦྱོར་དང་འབྲེལ་ཆགས་ཐུབ་མིན་ལ་ཡང་རགས་ལས་ཡོད། ཁྱེད་ཀྱིས་སོ་སོའི་ཁ་པར་དེར་ OTG ཡོད་མེད་ཤེས་འདོད་ན། Play Store རྒྱུད་ USB Host Diagnostics ཞེས་པའི་ཨེཔྶ་དེ་བླུགས་ནས་བལྟ་དགོས།

གལ་ཏེ་ཁྱེད་ཀྱི་ཁ་པར་རམ་ཊེབ་ལེཊ་དེ་ OTG གི་མཐུན་རྐྱེན་ཡོད་པ་ཞིག་ཡིན་ན། དེ་ནས་ཁྱེད་ལ་ OTG གི་ཏར་སྐུད་ཆུང་ཆུང་ཞིག་ངེས་པར་དུ་ཡོད་དགོས། ཏར་སྐུད་དེ་ཁྲོམ་རྭ་ནས་ལས་ལྷ་པོར་རག་ཐུབ་པ་དང་གོང་ཚད་ཕལ་ཆེར་རྒྱ་གར་སྒོར་ 50/- ཙམ་རེད། གཤམ་གྱི་དཔེ་རིས་ལས་གསལ།
OTG ཏར་སྐུད།

OTG བེད་སྤྱོད་གཏོང་སྟངས།

༡༽ ལག་ཐོག་ཁ་པར་ལ་མཐེབ་སྡེར་མཐུད་ནས་ཡིག་ཆ་བལྟ་བསྔོག་བྱེད་པ།
 ༢༽ མཐེབ་སྡེར་མང་པོ་དུས་གཅིག་ལ་ཁ་པར་ནང་ནས་བསྔོག་པ།
 ༣༽ དྲ་རྒྱའི་ཏར་སྐུད་ RJ45 དེ་ usb ethernet རྒྱུད་ཁ་པར་ལ་དྲ་རྒྱའི་མཐུན་རྐྱེན་སྤྲོད་ཐུབ་པ། དེ་ལས་ཀ་བྱེད་ཐུབ་རྒྱུར་ཁ་པར་ནང་དམིགས་བསལ་གྱི་མཉེན་ཆས་བཅུག་དགོས།
 ༤༽ སྒྲ་གཙང་བཟོ་ཐུབ་པའི་ USB headphone དེ་ཚོད་ལྟ་ཞིག་བྱས་པ་ཡིན། ང་ལ་ཡོང་མ་སོང་།
 ༥༽ རི་མོ་འབྲི་བྱེད་ཀྱི་ Bamboo Tab དང་ལག་ཐོག་ཁ་པར།
 ༦༽ གསོག་སྡེར་ 1TB ཅན་ཞིག་ལག་ཐོག་ཁ་པར་དང་མཐུད་ཐུབ། གསོག་སྡེར་ལ་གློག་ངེས་ཅན་ཞིག་དགོས་ཀྱི་འདུག །དེར་བརྟེན་ OTG with USB Power དེ་ཡོད་ན་འགྲིགས་ཀྱི་འདུག
 ༧༽ ཡིག་བཏག་མཐེབ་གཞོང་ཁ་པར་ལ་མཐུད་དེ་ཡི་གེ་མྱུར་པོ་བརྒྱག་ཐུབ་པ།
 ༨༽ སྐུད་མེད་ཀྱི་ཙི་ཙི་ཞིག་དང་ལག་ཐོག་ཁ་པར་མཐུད་དེ་ལག་ཐོག་ཁ་པར་སྟངས་འཛིན་ཐུབ་པ།
 ༩༽ SD-Card, Micro-SD སོགས་ཁ་བསྔོག་བྱེད་ USB-Adapter དང་ཁ་པར་མཐུད་ཐུབ་པ།
 ༡༠༽ ཁ་པར་གཞན་ཞིག་གི་ཡིག་ཆ་རང་ཉིད་ཀྱི་ཁ་པར་ནང་བལྟ་ཀློག་ཐུབ་མིན་ཚོད་ལྟ་ཞིག་བྱས་པ་ཡིན། དེ་ཡོང་གི་མིན་འདུག །དྲ་ཚིགས་ཞིག་གི་ངོས་སུ་མི་ཞིག་གིས་ཚོད་ལྟ་བྱས་པའི་རྒྱུད་ OTG དེ་ལྟར་བྱས་ན། གློག་མེ་ཕར་གཏོང་ཚུར་གཏོང་བྱེད་ཐུབ་ཟེར་འཁོད་འདུག ། འདིར་གཟིགས།
༡༡༽ Xbox Game Controller དང་ཁ་པར་མཐུད་དེ་གློག་རྩེད་རྩེ་ཐུབ་པ།
༡༢༽ ལག་ཐོག་ཁ་པར་ནས་ཡིག་ཆ་དཔར་བརྒྱག་ཐུབ་པ།
༡༣༽ External DVD དང་ཁ་པར་གཉིས་བར་མཐུད་སྦྱོར་དང་ལས་ཀ་བྱེད་ཐུབ་མིན་ངས་ད་ལྟ་བཤད་ཐུབ་ཀྱི་མིན་འདུག །སང་ཉིན་ཚོད་ལྟ་ཞིག་བྱེད་ནས་འདིར་བཀོད་མཆོག
༡༤༽ དེང་སང་གི་ LCD དང་ LED གཟུགས་མཐོང་གློག་འཕྲིན་དང་ལག་ཐོག་ཁ་པར་གཉིས་མཐུད་དེ་ཁ་པར་གྱི་མདོང་ངོས་ཆ་ཚང་ཤར་ཐུབ། དེ་ལ་ Micro USB to HDMI MHL Adapter ཏར་སྐུད་གཞན་ཞིག་དགོས་པ་མ་ཚད་ HDMI གྱི་ཏར་སྐུད་ལ་གློག་མཐུད་ས་ཡང་ཡོད་དགོས། དེ་མིན་ཏག་ཏག་མི་ཡོང་།

༡༥༽ OTG Adapter སྦྱད་དེ་བཤེར་འབེབ་ (Scanner) དང་ལག་ཐོག་ཁ་པར་གཉིས་མཐུད་རྒྱུ་ཡོད་པར་བཤད། ངས་ཚོད་ལྟ་བྱས་པའི་རྒྱུད། གློག་ཆས་གཉིས་མཐུད་པ་ཙམ་གྱི་མི་འགྲིགས་པར། ཁ་པར་ལ་ངེས་པར་དང་བཤེར་འབེབ་དང་འཚམ་པའི་ཨེཔྶ་ (apps) ཤིག་དགོས་འདུག །དེ་སྔོན་ Accusoft USB Scanner གྱི་ཨེཔྶ་དེ་ཡག་པོ་འགྲོ་གི་ཡོད་བཟོ་འདུག་ཀྱང་། ད་ལྟ་དྲ་གནས་དེ་ནས་ཨེཔྶ་དེ་ཕབ་ལེན་ཐུབ་ཀྱི་མིན་འདུག །ད་ལྟ་ང་ལ་ཡོད་པའི་བཤེར་འབེབ་དེར་ཚོད་ལྟ་འགྲོ་བཞིན་ཡོད་ལ་དེ་ལ་འགྲོ་བའི་ཨེཔྶ་འདྲ་འདུག་ན་གཏན་གཏན་བཤེར་འབེབ་དེ་སྤྱོད་ཐུབ་ངེས།
༡༦༽ ཁྱེད་ཀྱི་པར་ཆས་ཀྱང་ཐད་ཀར་ལག་ཐོག་ཁ་པར་དང་མཐུད་དེ་པར་ཆས་ནང་གི་འདྲ་པར་དེ་དག་རང་ཉིད་ཀྱི་ཁ་པར་ནང་དུ་ལེན་ཐུབ།
༡༧༽ ཁྲོམ་གཟིགས་ཁང་ (shopping mall) དང་ཚོང་ཁང་གི་ Bar code Reader མཉེན་ཆས་དེ་ OTG རྒྱུད་ལག་ཐོག་ཁ་པར་དང་མཐུད་ནས་ཚོང་རྩིས་བརྒྱག་ཐུབ་ཀྱི་ཡོད། དྲ་གནས་འདིར་གཟིགས།
ཞོར་དུ་དེང་སང་ཁྲོམ་རྭའི་ནང་ OTG cable མི་དགོས་པར་ལག་ཐོག་ཁ་པར་ལ་ཐད་ཀར་རྒྱུད་རྒྱུའི་མཐེབ་སྡེར་གསར་པ་དེ་འདྲ་ཡང་ཐོན་འདུག གཤམ་གྱི་དཔེ་རིས་ལ་གཟིགས།
དེ་མིན་ OTG གྱི་བེད་སྤྱོད་གཞན་གང་ཡོད་པ་ཁྱེད་ཀྱིས་ཤེས་སམ། གལ་ཏེ་ཁྱེད་ལ་བསམ་ཚུལ་དང་དེ་མིན་བེད་སྤྱོད་ཧ་གོ་བ་འདྲ་ཡོད་ན། འདིར་མཆན་བཀོད་སའི་ནང་མཉམ་བཞུགས་གནང་རོགས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག