སྲ་སྡེར་ཞིག་སྐར་ཁུང་དང་ཀུ་ཤུ་གཉིས་ཀའི་ནང་ཁ་འབྱེད་ཐུབ་པ།

ཁྱེད་ཀྱིས་སྐར་ཁུང་དང་ཀུ་ཤུའི་གློག་ཀླད་གཉིས་ཀར་ལག་པ་འཆང་ཤེས་པ་ལྟར་ཕྱི་གསོག་སྲ་སྡེར་(External Hard Disk) དེ་ཉིད་ཀྱང་གློག་ཀླད་ཚང་མའི་ནང་ཁ་འབྱེད་ཐུབ་རྒྱུར་འབད་བརྩོན་བྱེད་ངེས། སྤྱིར་བཏང་སྲ་སྡེར་ཞིག་སྐར་ཁུང་གི་ཡིག་ཆའི་རྣམ་གཞག་ NTFS ཐོག་ཡོད་ན། སྲ་སྡེར་དེ་ཀུ་ཤུའི་གློག་ཀླད་ཀྱིས་ཡ་མི་བྱེད། ཡང་སྲ་སྡེར་ཞིག་ཀུ་ཤུའི་ཡིག་ཆའི་རྣམ་གཞག་ HFS+ ཐོག་ཡོད་ན། སྲ་སྡེར་དེ་སྐར་ཁུང་གིས་ངོ་མི་ཤེས། སྐར་ཁུང་དང་ཀུ་ཤུའི་གློག་ཀླད་གཉིས་ཀས་ཁ་འབྱེད་ཐུབ་པ་དགོས་ན། སྲ་སྡེར་དང་མཐེབ་སྡེར་རྣམས་རྩ་གསུབ་ (Format) བཏང་སྟེ་ exFAT ཡིག་ཆའི་རྣམ་གཞག་ཐོག་འཇོག་དགོས།

གཤམ་ལ་ང་ཚོས་སྲ་སྡེར་ཞིག་ exFAT ཐོག་བཟོས་ཏེ་སྐར་ཁུང་དང་ཀུ་ཤུའི་གློག་ཀླད་གཉིས་ཀའི་ནང་ཁ་འབྱེད་ཐུབ་པ་བཟོ་སྟངས་སྟོན་གྱི་ཡིན། ཐབས་ཤེས་དེས་ཁྱེད་ཀྱི་མཐེབ་སྡེར་(Pen Drive) དང། བྱང་སྡེར་(Memory Card) སོགས་ཅི་རིགས་ལ་རིག་པ་བཏང་ཆོག

སྐར་ཁུང་གློག་ཀླད་རྒྱུད་ exFAT བཟོ་སྟངས།

༡༽ གཤམ་གྱི་ལག་ལེན་དེ་དག་གིས་ཁྱེད་ཀྱི་སྲ་སྡེར་རྩ་གསུབ་བཏང་གི་ཡོད་པས། སྲ་སྡེར་ནང་གི་ཡིག་ཆ་རྣམས་གློག་ཀླད་གཞན་ཞིག་གི་ནང་བཤུ་འཇོག་གནང་རོགས།
༢༽ སྐར་ཁུང་གི་ start ལ་གནོན་ནས་འཚོལ་བཤེར་བྱེད་སའི་ནང་ Computer Management བརྒྱབ་སྟེ་སྐར་ཁུང་གི་སྒྲིག་བཀོད་ཡོ་བྱད་དེ་ཁ་འབྱེད་དགོས། འགྲོ་སྟངས་གཞན་གཅིག་ནི། Start > All Programs > Administrator Tools >Computer Management ལ་འགྲོ་ནའང་འགྲིག
༣༽ Computer Managment ཁ་འབྱེད་པ་དང་། དེའི་གཡོན་ཕྱོགས་ནང་ Disk Management འདེམས་དགོས། དེ་འདེམས་པ་དང་གློག་ཀླད་ནང་མའི་སྲ་སྡེར་དང་དེའི་ནང་གསེས་དབྱེ་མཚམས་རྣམས་མཐོང་ཐུབ་པ། དེའི་གཤམ་དུ་ཁྱེད་ཀྱིས་མཐུད་བཞག་པའི་ཕྱི་གསོག་སྲ་སྡེར་དེའང་མཐོང་ཐུབ། དེ་ནས་ཁྱེད་ཀྱིི་ཕྱི་གསོག་སྲ་སྡེར་སྟེང་ཙི་ཙི་གཡས་པ་གནོན་ནས་འདེམས་གའི་ནང་ Format ཟེར་བ་དེ་འདེམས་དགོས།
༤༽ འདེམས་བྱའི་སྒེའུ་ཁུང་ཆུང་བ་ཞིག་ཤར་ངེས། དེའི་ནང་ཁྱེད་ཀྱི་སྲ་སྡེར་ལ་མིང་བཀོད་ས་དང་། ཡིག་ཆའི་རྣམ་གཞག་སྒྲིག་ས་ཡོད། སྲ་སྡེར་གྱི་མིང་གང་བཀོད་ཁྱེད་ཀྱི་འདོད་པ་རེད། འོན་ཀྱང་ཡིག་ཆའི་རྣམ་གཞག་དེ་ངེས་པར་ exFAT འདེམས་དགོས། དེ་ནས་སྲ་སྡེར་རྩ་གསུབ་མྱུར་པོ་ཡོང་སླད་ Perform a quick format ཟེར་བ་དེའང་འདེམས་དགོས། དེ་རྗེས་ OK ལ་གནོན་དགོས།
དེ་ལྟར་སྲ་སྡེར་འདི་རྩ་གསུབ་བཏང་ཚར་ན། སྲ་སྡེར་དེ་སྐར་ཁུང་དང་ཀུ་ཤུའི་གློག་ཀླད་གཉིས་ཀའི་ནང་བལྟ་ཐུབ་པ་ཆགས་ཡོད།

ཀུ་ཤུའི་གློག་ཀླད་རྒྱུད་ exFAT བཟོ་སྟངས།

༡༽ གཤམ་གྱི་ལག་ལེན་དེ་དག་གིས་ཁྱེད་ཀྱི་སྲ་སྡེར་རྩ་གསུབ་བཏང་གི་ཡོད་པས། སྲ་སྡེར་ནང་གི་ཡིག་ཆ་རྣམས་གློག་ཀླད་གཞན་ཞིག་གི་ནང་བཤུ་འཇོག་གནང་རོགས།
༢༽ སྐར་ཁུང་དང་འདྲ་བ་ཀུ་ཤུའི་གློག་ཀླད་ནང་དུའང་སྲ་སྡེར་རྩ་གསུབ་དང་ཡིག་ཆའི་རྣམ་གཞག་སྒྲིག་ཆེད་ཀྱི་མཉེན་ཆས་རང་སྒྲིག་ཡོད། མཉེན་ཆས་དེ་ཁ་འབྱེད་དགོས་ན་འགྲོ་སྟངས་ནི་ Application > Utility >Disk Utility ཐོག་འགྲོ་དགོས།

༣༽ མཉེན་ཆས་ཁ་ཕྱེ་རྗེས་ཁྱེད་ཀྱི་གློག་ཀླད་ནང་མ་དང་ཕྱི་གསོག་སྲ་སྡེར་གཉིས་ཀ་མཐོང་ཐུབ།

༤༽ ཁྱེད་ཀྱིས་ཕྱི་གསོག་སྲ་སྡེར་དེ་འདེམས། དེ་ནས་གཡོན་ཕྱོགས་སུ་ Erase གྱི་འདེམས་གའི་ནང་ནས་ exFAT འདེམས་ནས་ Erase ཐོག་གཅིག་གནོན་དགོས། རྩ་གསུབ་ཆ་ཚང་སྒྲུབ་པ་དང་ད་བཟོད་ཁྱེད་ཀྱི་ཕྱི་གསོག་སྲ་སྡེར་དེ་གློག་ཀླད་ཅི་འདྲ་ཞིག་གི་ནང་དུའང་ཁ་འབྱེད་ཐུབ་པ་ཆགས་ཟིན།

ཟབ་ནན་བྱེད་དགོས་པ།

སྲ་སྡེར་རྩ་གསུབ་གཏོང་སྐབས་སྲ་སྡེར་ནང་ངོས་ཀྱི་ཡིག་ཆ་རྣམས་མེད་པ་ཆགས་ཀྱི་ཡོད་པར་བརྟེན། རྩ་གསུབ་མ་གཏོང་གོང་ཡིག་ཆ་རྣམས་གློག་ཀླད་གཞན་ཞིག་གི་ནང་བཤུ་འཇོག་གནང་དགོས།
སྐར་ཁུང་དང་ཀུ་ཤུའི་ནང་གསོག་དང་ཕྱི་གསོག་སྲ་སྡེར་གཉིས་ཀ་ཤར་བའི་སྐབས། ནོར་འཁྲུལ་ཤོར་ཏེ་གློག་ཀླད་ཀྱི་ནང་གསོག་སྲ་སྡེར་རྩ་གསུབ་གཏོང་ཤོར་ན་གློག་ཀླད་ལ་སྐྱོན་ཆ་ཡོང་སྲིད་པས། ནོར་འཛོལ་མི་ཡོང་བ་ཟབ་ནན་བྱེད་དགོས།
རྩ་གསུབ་ཆ་ཚང་ལེགས་གྲུབ་མ་ཟིན་གོང་གློག་ཆད་པ་དང་། ཡང་ན་གློ་བུར་དུ་སྲ་སྡེར་གློག་ཀླད་དང་ཁ་ཕྲལ་ན། སྲ་སྡེར་སྐྱོན་དུ་འགྲོ་སྲིད་པས། དེར་བརྟེན་རྩ་གསུབ་ལེགས་གྲུབ་ཟིན་པའི་བརྡ་ཡིག་མ་སྟོན་བར་ངང་སྒུག་གནང་རྒྱུ་ཐུགས་ལ་འཇག་རོགས།

གསལ་བཤད།

ཐབས་ཇུས་དེ་དག་ནི་ཉམས་མྱོང་དང་ཚད་ལྡན་གྱི་འགྲོ་ལུགས་ལྟར་ལམ་སྟོན་བྱས་ཡོད། འོན་ཀྱང་ལག་ལེན་དེ་དག་བྱེད་པའི་རིང་ཁྱེད་ཀྱི་གློག་ཆས་སོགས་ལ་སྐྱོན་ཆགས་བྱུང་ན་གུས་པས་འགན་ལེན་མེད་ཞུ་རྒྱུ་ཡིན།

Comments

  1. བཀུར་འོས་བསོད་ནམས་ཟླ་བ་ལགས། ipad ནང་ཡིག་གཟུགས་རང་དགའ་བཞིན་བརྗེ་བསྒྱུར་བྱེད་དགོས་ན་ག་འདྲ་བྱེད་ནས་བརྗེ་དགོས་པ་དང་། བོད་ཡིག་ཡིག་གཟུགས་འདྲ་མི་གློག་ཀླད་བཞིན་རང་གི་འདོད་མིན་ལྟར་བཀོལ་སྤྱོད་གནང་ཨེ་ཆོག་གཅིག་གསལ་བྱེད་གཅིག་གནང་རོགས།

    ReplyDelete
    Replies
    1. བྱམས་པ་དབང་ལྡན་ལགས། iPad དང་ iPhone ནང་བོད་ཡིག་ཡིག་ཡིག་གཟུགས་རང་དགར་བརྗེ་བསྒྱུར་བྱེད་དགོས་ན་སྟབས་བདེ་པོ་མེད། ད་ལྟའི་ཆར་ངེས་པར་དུ་ Xcode མཉེན་ཆས་རྒྱུད་ནས་སྒྲིག་དགོས་ཀྱི་འདུག །ངས་དེའི་སྐོར་གསལ་པོ་མི་ཤེས། འོན་ཀྱང་གཤམ་དུ་དེ་དང་འབྲེལ་བའི་དབྱིན་ཡིག་དྲ་གནས་གནས་གཅིག་དང་། ཡུ་ཊུབ་ཀྱི་བརྙན་ཟློས་ལེགས་པོ་གཅིག་རྙེད་བྱུང་བས་འདིར་གཟིགས་ནས་ཐབས་ཤེས་འདུག

      དྲ་གནས་ http://codewithchris.com/common-mistakes-with-adding-custom-fonts-to-your-ios-app/

      ཡུ་ཊུབ་ https://www.youtube.com/watch?v=8_o7bq_4kIA

      Delete

Post a Comment

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག