བོན་གྱི་དྲིས་ལན་དྲ་མཛོད།


དྲ་ཚིགས་ཀྱི་མིང་། བོན་གྱི་དྲིས་ལན་དྲ་མཛོད།
དྲ་གནས། www.askbon.net

དྲ་ཚིགས་ཀྱི་མིང་ནས་གསལ་བ་ལྟར་དྲ་ཚིགས་འདི་ནི་ང་ཚོའི་ཕ་མེས་ནས་དར་བའི་བོན་གྱི་ཤེས་རིག་སྐོར་གྱི་དྲི་བ་དྲིས་ལན་གནང་སའི་ཞབས་ཞུ་ལེགས་གྲས་ཞིག་རེད་འདུག དྲ་ཚིགས་དེའི་ཐོག་མངོན་གསལ་དུ་མཐོང་བ་ནི། ཞང་ཞུང་གནའ་རབས་དང། རྒྱལ་རབས་ལོ་རྒྱུས། གཡུང་དྲུང་བོན། རིག་པའི་གནས་ལྔ། གལ་ཆེའི་མི་སྣ། ཆོ་ག་རྒྱུན་སྤྱོད། གསུང་རབ། གནས་རྟེན་གསས་ཁང། གར་ཤོན་ཕྱག་མཚན། ཀུན་བཏུས་ཤེས་བྱ།  སོགས་སྡེ་ཚན་ཆེ་ཁག་དང་ནང་གསེས་སྡེ་ཚེན་ལེགས་པོ་དབྱེ་ཡོད་པ་དེ་ཡིན། དེ་ནི་མ་འོངས་དྲི་བ་དྲིས་ལན་གྱི་ཡིག་མཛོད་ཕལ་རྒྱལ་འགྲོ་བ་དང་བསྟུན་འཚོལ་བཤེར་ལེགས་པོ་དང་མྱུར་པོ་ཡོང་ཆེད་ཕུགས་འདུན་བཅངས་ཡོད་པ་ཤེས་ཐུབ། དྲ་ཚིགས་ཀྱི་བཟོ་བཀོད་ཁམས་གཙང་བའི་ཁར་དྲ་མི་ཚོས་དྲི་བ་འདོན་ས་དང་ལན་སློག་སའི་སྟེགས་བུ་དེའང་ཧ་ཅང་ལས་ལྷ་པོ་འདུག །བོན་གྱི་དྲིས་ལན་དྲ་མཛོད་བདག་ཉར་བ་སྐུ་ཞབས་འོད་ཟེར་ལགས་ནས་དྲ་ཚིགས་འདིའི་སྐོར་ངོ་སྤྲོད་གནང་བ་གཤམ་གསལ།

དྲ་ཚིགས་འདིའི་ངོ་སྤྲོད་ཐུང་ངུ་ཞིག་ཞུ་ན། 

སྤྱིར་རྒྱལ་སྤྱིའི་བོད་རིག་པའི་མི་སྣ་ཚོས་གནའ་བོའི་ཞང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་ཁུལ་ཉམས་ཞིབ་གནང་རྒྱུ་ནི། གལ་ཆེའི་ནང་གི་དོན་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་དང་། སྒོས་སུ་དེང་ཆ་འཕྲིན་གྱི་དུས་རབས་དང་བསྟུན་ཏེ་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་རྣམས་རང་རིགས་གཞོན་སྐྱེས་རྣམས་ལ་ངོ་སྤྲོད་དང་འཆད་ཁྲིད་དགོས་པ་ནི། ཕ་ཤུལ་བུས་འཛིན་དང་། མེས་པོ་གོང་མ་ཚོའི་བཀའ་དྲིན་ལ་རྗེས་དྲན་རླབས་ཆེན་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བསྟེན་ཏེ་རྒྱལ་ཁབ་འདྲ་མིན་ནང་བཞུགས་པའི་མཁས་དབང་དགེ་བཤེས་དང་བསམ་བློ་བ་འགས་མཉམ་རུབ་ཀྱིས་གོང་ཞུས་ཀྱི་གོ་སྐབས་དང་འགན་འཁྲི་དེ་དག་དོན་ལེན་ཆེད་(བོན་གྱི་དྲིས་ལན་དྲ་མཛོད་)ཅེས་པ་འདི་གཉེར་བཞིན་ཡོད། དྲ་བ་འདིར་གཙོ་བོ་ཞང་བོད་ཀྱི་ལོ་རྒྱུས་རིག་གཞུང་དང་། གཡུང་དྲུང་བོན་གྱི་རྒྱུན་ཤེས་སྐོར་སོགས་མདོར་ན་མཐོ་བོད་རིག་པའི་ཉམས་ཞིབ་པ་ནས་ཆུང་དཔེ་ཁུག་ཁུར་བའི་སློབ་ཆུང་བྱིས་པ་ཡན་གྱིས་ཞང་བོད་ཀྱི་སྐོར་བཀའ་དྲི་གང་ཞིག་ཡོད་ཀྱང་གནང་ཆོག

ཡིན་ནའང་དྲ་བ་འདི་རིག་གཞུང་སློབ་ཁྲིད་དང་ཉམས་ཞིབ་ཆེད་ཁོན་ཡིན་པ་ལས་ཡུལ་དུས་དང་མི་འཚམས་པའི་ཆབ་སྲིད་དང་། ཞི་བདེའི་འཁོར་ཡུག་དཀྲོག་པའི་ཆོས་ལུགས་འཐེན་ཁྱེར་རིགས་ཀྱི་དྲི་བ་དང་རྩོམ་ཡིག་རིགས་ནི་ནམ་ཡང་ང་ཚོས་དགའ་བསུ་མི་ཞུ།།

དྲ་མཛོད་ཀྱི་དམིགས་ཡུལ།

[བོན་གྱི་དྲིས་ལན་དྲ་མཛོད་ལས་བཏུས]
བོད་ཁ་བའི་ལྗོངས་འདིར་བོན་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་དབང་བསྒྱུར་བ་ནས་བཟུང་བོད་མི་རྣམས་ཀྱི་ཤེས་རིག་གི་བློ་སྒོ་ཕྱེས་ཡོད་ཅེས་བཤད་ན་མི་འགྲིག་པ་གང་ཡང་མེད་སྙམ། བོན་རྒྱལ་གཉའ་ཁྲིའི་དུས་མཉམ་དུ་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། དེའང་མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇི་ཐིག སྒྲོལ་ཤེས་འཕྲུལ་བོན་རྣམས་ཡིན་ལ། ནམ་རྒྱུན་རྒྱལ་རབས་ཆོས་བྱུང་ང་ཆེ་ང་བཙན་དེ་ཚོའི་ནང་དུས་རབས་བདུན་པའི་ཡར་སྔོན་དུ་བོད་དང་བོད་མི་རྣམས་ནི་མུན་ནག་དང་ཀླ་ཀློ་ཡིན་པར་བཤད་ཡོད་པ་རྣམས་རང་རིགས་ཀྱི་ཕ་མེས་རྣམས་ལ་ངན་བཤད་དང་། བློ་རིག་དང་དཔའ་སྟོབས་ཆེ་བའི་བོད་རྒྱལ་སུམ་ཅུ་ལྷག་ཙམ་ཞིག་དམུས་ལོང་ཁྱུ་ཚོགས་ཞིག་ཏུ་བསྒྲུབས་ཡོད་པ་ནི་ཕྱི་རབས་ཀྱི་གངས་རིའི་བུ་ཕྲུག་རྣམས་ལ་བསུབ་ཏུ་མེད་པའི་རྨ་ཁ་ཆེན་པོ་ཞིག་བཞག་པ་ལོས་ཡིན། གོང་སྨྲས་ཀྱི་བོན་ཤེས་པ་ཅན་བཅུ་གཉིས་པོ་ནི་བོད་མི་བཅུ་གཉིས་ཙམ་མ་ཡིན་པར་ཤེས་རིག་གི་གནས་མི་འདྲ་བཅུ་གཉིས་ཡིན་སྟབས། སྐབས་དེ་ཙམ་ནས་བོད་ཁམས་སུ་སྨན་རྩིས་གཏོ་དཔྱད་དང་། དུར་འདུལ་གཡང་ལེན། གཤིན་འདྲེན་གསོན་བདེ་སོགས་ཀྱི་རིག་པའི་གནས་སྡེ་མང་པོ་ཞིག་དར་འགོ་ཚུགས་ཡོད་པ་ཟུར་ལྟས་ལེབ་མཐོང་རེད།

གང་ལྟར་རྒྱལ་ཁབ་ཅིག་གི་ལོ་རྒྱུས་དང་རིག་གཞུང་དེ་དག་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་དགོས་ན། ལུང་པ་དེའི་ནང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རབས་ཀྱི་བྱུང་བ་དང་འཕེལ་རིམ། མི་རིགས་དེའི་ཐོག་མའི་ཤེས་རིག་གི་རྒྱབ་ལྗོངས་སོགས་འཚོལ་དགོས་པ་ལས་རྡོ་རྗེ་སྐེད་བཟུང་ལྟ་བུའི་ཆོས་ལུགས་དང་གྲུབ་མཐའི་དགའ་ཕྱོགས་ཁོ་ནས་འཚོ་སྡོད་ན་ནམ་ཞིག་ཡུལ་ལུང་དེའི་ཤེས་རིག་དང་ལོ་རྒྱུས་ཀྱི་ཕུགས་རྩ་ཡལ་དུ་འགྲོ་རྒྱུ་ལས་ཡང་དག་པའི་འཛིན་སྐྱོང་གི་གྲུབ་འབྲས་ཞིག་འཐོབ་ཐབས་དཀའ་སྙམ།

དེ་ལྟར་ཁ་བ་རི་བའི་མ་འོངས་པའི་གཞོན་སྐྱེས་རྣམས་ལ་སོ་སོའི་མེས་པོའི་ནོར་བུ་དེ་ཉིད་བདག་གཉེར་དང་ནོར་ཉམས་ཆོད་རྒྱུའི་འགན་འཁྲི་ཆེན་པོ་ཞིག་ཡོད་པ་དང་། ལྷག་དོན་བོད་ཀྱི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ཀྱིས་དམིགས་བསལ་བོད་ཕ་མེས་ཀྱི་རིག་གཞུང་ལ་ཕྱི་མིག་གཟིགས་རྒྱུ་ནི་ད་ལྟའི་གཉན་འཕྲང་གི་དུས་འདིར་གལ་ཆེའི་ནང་གི་གལ་ཆེན་ཡིན་པར་སོང་། ང་ཚོས་དམིགས་དོན་དེ་དག་ལ་བཟུང་སྟེ་དེང་ཆ་འཕྲིན་གྱི་དུས་རབས་དང་བསྟུན། རང་རེ་ཁ་བ་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་གྱི་བྱུང་རབས་དང་ལུགས་སྲོལ། དེའི་ལྟ་སྒོམ་སྤྱོད་འབྲས་སོགས་མི་རབས་གསར་པའི་སེམས་ཁམས་དང་འགྲོག་སྟེ་གོ་བདེ་དྲིས་ལན་གྱི་ལམ་ནས་འབུལ་ཐབས་ཞུ་རྒྱུ་དམིགས་ཡུལ་གཙོ་བོ་དེ་ཡིན།

སྤྱིར་དེང་སང་བོད་ཡིག་གི་གོམ་ཁ་སྔར་ནས་རྡབ་འགྱུར་གྱིས་མགྱོགས་ཏེ་འཛམ་གླིང་ཁྱོན་ཡོངས་སུ་བོད་མིའི་འདུས་སྡོད་ཁག་ཏུ་བོད་ཡིག་གི་དུས་དེབ་དང་དྲ་གནས་སོགས་གང་མང་ཞིག་ཡོད་པ་དང་། ལྷག་དོན་བོན་པོའི་སྤྱི་ཚོགས་རང་ལ་མཚོན་ནའང་བོན་དེབ་དང་དམིགས་བསལ་བོན་པོ་ཁོ་ནའི་དྲ་ཚིགས་སོག་མང་པོ་ཞིག་མཇལ་ཡུལ་དུ་ཡོད་པ་ནི་དགའ་འོས་པའི་གནས་ཡིན། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་འཕྲུལ་རིགས་ཀྱི་ལམ་སྒོ་ཡངས་དྲགས་ནས་གཞོན་སྐྱེས་ཚོའི་སེམས་ཁམས་སུ་དཔེ་དེབ་ཆེན་པོ་དང་རྩོམ་རིང་པོ་སོགས་བཀླག་རྒྱུར་ཉོབ་སྣང་ཡོང་གི་ཡོད་སྟབས། ང་ཚོས་ཀྱང་དེ་དང་བསྟུན་ནས་གོམ་པ་སྤོ་སྟངས་ཞིག་དགོས་པ་ནི་ཤེས་ཡོན་གྱི་སྣེ་མོར་སྡོད་བཞིན་པའི་འགན་འཁྲི་ཡང་ཡིན། དེ་ཕྱིར་འདིར་ད་ལན་(བོན་གྱི་དྲིས་ལན་དྲ་མཛོད)ཅེས་པ་འདི་ནི་གཙོ་བོར་གནའ་རབས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ལྷག་དོན་བོན་དང་གཡུང་དྲུང་བོན་གྱི་སྐོར་མཁྱེན་འདོད་ཡོད་མཁན་གྱི་གཞོན་སྐྱེས་རྣམས་ལ་དམིགས་ཏེ། དྲི་བ་དྲིས་ལན་ཁོ་ནའི་དྲ་ཚིགས་ཞིག་ཡིན་པས་གཞོན་སྐྱེས་ཚོས་ངེས་སླ་བ་དང་། སོ་སོར་དོགས་འདྲི་དང་གང་མཁྱེན་འདོད་ཡོད་པ་རྣམས་ང་ཚོར་བཀའ་འདྲི་གནང་ཆོག་ལ། ང་ཚོས་ཀྱང་མཁས་དབང་བླ་སྤྲུལ་ཉམས་ཞིབ་པ་གོང་མ་རྣམ་པ་གདན་ཞུས་ཀྱིས་དྲིས་ལན་སྟབས་བདེ་རེ་འབུལ་ཐབས་ཞུ་རྒྱུ་དང་། དེ་བཞིན་གཞོན་སྐྱེས་ཚོས་ཀྱང་དེབ་རིགས་འདྲ་མིན་མང་པོ་ཞིག་ཀློག་མི་དགོས་པ་སོགས་སྒོ་གང་ནས་ཕན་ཐོག་ཕྲན་བུ་རེ་ཡོང་བའི་རེ་བ་ཡོད་ཞུ། །།

ཞེས་བོན་གྱི་དྲིས་ལན་དྲ་མཛོད་ཀྱི་རྩོམ་སྒྲིག་པས་ཕུལ།།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *