གུ་གུལ་ཚང་གིས་མཉེན་ཆས་ཀྱི་རིན་གོང་ཆག་ཡང་བཏང་བ།

 

གུ་གུལ་རྩེད་ཁང་ (Google Play Store) ནང་གི་མཉེན་ཆས་སྤུས་དག་དེ་དག་ཉོ་དགོས་ན་ཉུང་མཐའ་རྒྱ་སྒོར་ Rs 60/- ཡིན་ཀྱང་ད་ཆ་གུ་གུལ་ཚང་གིས་མཉེན་ཆས་དང་རྩེད་མོ་མང་པོ་ཞིག་གི་རིན་གོང་ཆག་ཡང་བཏང་ཏེ་རྒྱ་སྒོར་ཉུང་ཤོས་ Rs. 10/- སྤྲོད་ནས་རགས་རྒྱུ་ཡོད་པ་བཟོས་ཡོད། དཔེར་ན། ཞི་ལས་མི་སྐད་སྐྱོན་མཁན་ Talking Tom ཟེར་བ་དེ་དང་ཐོག་རིན་མེད་སྤྱོད་ཆོག དེ་རྗེས་ Talking Tom གི་མཐུན་རྐྱེན་ལེགས་གྲས་དེ་དག་དགོས་འདོད་ཡོད་རིགས་ཚོས་རྒྱ་སྒོར་ Rs. 20/- སྤྲད་ན་འགྲིག་གི་ཡོད།

འདི་ནི་གུ་གུལ་གྱི་འགྱུར་བཅོས་བཟང་པོ་ཞིག་རེད་ལ། མི་མང་ལ་མཉེན་ཆས་དེ་དག་ཉོས་ཏེ་བེད་སྤྱོད་བྱེད་རྒྱུར་བློ་ཁ་བཅུན་པ་དང་། མཉེན་ཆས་བརྐུ་བ་དང་གསང་ཟ་གཏོར་ནས་བེད་སྤྱོད་བྱེད་རྒྱུར་འགོག་རྒོལ་བྱེད་ཐབས་ཞིག་ཡིན།
གུ་གུལ་ཐོན་རྫས་འགན་འཛིན་སྐུ་ཞབས་ ཨ་ལི་སིཊར་ པོཊ་ (Alistair Pott) གིས་ "ང་ཚོས་རིན་གོང་ཆུང་དུ་བཏང་བའི་རྒྱུད་རྒྱ་གར་མི་མང་མང་པོ་ཞིག་གིས་མཉེན་ཆས་དང་རྩེད་མོ། གློག་བརྙན་ཅི་རིགས་ལ་བདེ་བླག་ཏུ་སྤྱོད་ཐུབ་པའི་རེ་བ་ཡོད" ཅེས་གསུངས།

མཉེན་ཆས་ཆ་ཚང་ལ་རིན་གོང་བཅག་ཡོད་པའི་ངེས་པ་མེད། འོན་ཀྱང་རིམ་པས་མཉེན་ཆས་གཞན་མང་དུ་སོང་བ་དང་བསྟུན་རིན་གོང་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད་འདུག ད་ལྟའི་ཆར་མཉེན་ཆས་ཁག་ཁ་ཤས་རིགས་ལ་རིན་གོང་བཅག་ཡོད། དཔེར་ན། Fruit Ninja དང་ Facetune ལྟ་བུ་ལ་རྒྱ་སྒོར་ Rs. 10/- ལ་རག་གི་འདུག Doodle Devil ལ་རྒྱ་སྒོར་ Rs.25/- རེད། Blueprint 3D ལ་རྒྱ་སྒོར་ Rs. 20/- རེད་འདུག

ཡུ་ཊུབ་བརྙན་གཞས་ mp3 དང་ mp4 བཟོས་ཏེ་ཕབ་ལེན་བྱེད་ཐབས།

 

དེང་གི་ཆར་ཡུ་ཊུབ་ཏུ་བརྙན་གཞས་དང་གློག་བརྙན་གྲངས་མེད་ཡོད་པ་དང་དེ་དག་ལ་གཟིགས་མཁན་ཉིན་རེར་དྲ་མི་ཁྲི་ཚོ་འགའ་ཤས་ཟིན་གྱི་ཡོད། དེ་བས་ཡུ་ཊུབ་ནས་ཕབས་ལེན་བྱེད་མཁན་ནི་དེ་ལས་ལྡབ་འགྱུར་དུ་སོང་ཡོད། དེ་སྔའི་རྩོམ་ཡིག་འགའ་ཤས་ནང་ངས་ཡུ་ཊུབ་ཕབ་ལེན་བྱེད་སྟངས་ཁ་ཤས་སྟོན་ཡོད། ཐབས་ཤེས་དེ་དག་ལ་མཉེན་ཆས་དམིགས་བསལ་ལམ་དྲ་མྱུལ་མཉེན་ཆས་ཀྱི་ Addon ཟེར་བའི་ཁ་སྣོན་གྱི་མཉེན་ཆས་ཆུང་ཆུང་དེ་འདྲ་བཅུག་དགོས་ཀྱི་ཡོད། མ་ཟད་གློག་ཀླད་ཐོག་བྱེད་པ་ལས་དེང་གི་ལག་ཐོག་ཁ་པར་དང་ཊེབ་ལེཊ་དེ་དག་ནང་ཐབས་ཤེས་དེ་དག་བེད་མེད་འདྲ་པོ་ཆགས་འདུག །དེར་བརྟེན་དེ་རིང་འདིར་ངས་ཡུ་ཊུབ་ཀྱི་བརྙན་གཞས་ (Music Video) དེ་རིགས་ mp3 དང་ mp4 ཡིག་ཆའི་རྣམ་པའི་ཐོག་ཁྱེད་ཀྱི་ཁ་པར་དང་ཊེབ་ལེཊ་སོགས་ལས་ཀྱང་ཕབ་ལེན་བྱེད་སྟངས་སྟོན་གྱི་ཡིན།

དང་པོ། ཡུ་ཊུབ་བརྙན་གཞས་ཤིག་ mp3 [སྒྲ]ཕབ་ལེན།

༡༽ ཡུ་ཊུབ་ཀྱི་བརྙན་གཞས་ཞིག་ཁ་ཕྱེ་པ་དང་། བརྙན་གཞས་ཀྱི་དྲ་སྣེ་ (url) དེ་བཤུ་ (copy) དགོས། 

༢༽ དེ་ནས་ www.youtubeinmp3.com དྲ་ཚིགས་འདིའི་ཐོག་ཕྱིན་ནས། གོང་གི་དྲ་སྣེ་དེ་འདིར་འཕབ་ (paste) དགོས།
དེ་ནས་ Download MP3 ཐོག་གཅིག་གནོན།

༣༽ Convert And Download MP3 ཟེར་བ་དེ་ལ་གནོན་དགོས། དེར་གནོན་སྐབས་བརྙན་གཞས་དེ་ mp3 ཡིག་ཆའི་རྣམ་པའི་ཐོག་བསྒྱུར་ཐུབ།

༤༽ mp3 ཐོག་བསྒྱུར་ཟིན་པ་དང། འོག་གི་དཔེ་རིས་ལྟར། ཡིག་ཆ་ཆེ་ཆུང་ཇི་ཙམ་ཡོད་མེད་བལྟ་ཐུབ་པ་དང། Download MP3 ཟེར་བ་དེའི་ཐོག་གནོན་དེ་ཕབ་ལེན་བྱེད་འགྲིག

གཉིས་པ། ཡུ་ཊུབ་བརྙན་གཞས་ཤིག་ mp4 [བརྙན]ཕབ་ལེན།

འགྲོ་སྟངས་ཧ་ལམ་གོང་དང་འདྲ་པོ་རེད།
༡༽ ཡུ་ཊུབ་ཀྱི་བརྙན་གཞས་ཞིག་ཁ་ཕྱེ་པ་དང་། བརྙན་གཞས་ཀྱི་དྲ་སྣེ་ (url) དེ་བཤུ་ (copy) དགོས།

༢༽ དེ་ནས་ www.youtubeinmp4.com དྲ་ཚིགས་འདིའི་ཐོག་ཕྱིན་ནས། གོང་གི་དྲ་སྣེ་དེ་འདིར་འཕབ་ (paste) དགོས།
དེ་ནས་ Download MP3 ཐོག་གཅིག་གནོན།

༣༽ mp3 ཐོག་བསྒྱུར་ཟིན་པ་དང། འོག་གི་དཔེ་རིས་ལྟར། ཡིག་ཆ་ཆེ་ཆུང་ཇི་ཙམ་ཡོད་མེད་བལྟ་ཐུབ་པ་དང། Download MP3 ཟེར་བ་དེའི་ཐོག་གནོན་དེ་ཕབ་ལེན་བྱེད་འགྲིག

གསུམ་པ།  ཡུ་ཊུབ་བརྙན་གཞས་ཞིག་ mp3 དང་ mp4 , webm ཐོག་ཕབ་ལེན།

ཚོད་ལྟའི་དྲ་གནས་ www.saveitoffline.com འདི་ནས་ཁྱེད་ཀྱིས་ཡུ་ཊུབ་ཀྱི་དྲ་སྣེ་བཀོད་དེ་ mp3 དང་ mp4, webm སོགས་ཡིག་ཆའི་རྣམ་པ་ཅི་རིགས་ཐོག་ཕབ་ལེན་བྱེད་རྒྱུ་ཡང་འདུག །ཕབ་ལེན་བྱེད་ལུགས་གོང་ལྟར་འདྲ་པོ་ཡོད།

སཾ་བྷོ་ཊའི་དྲ་ཐོག་བོད་ཡིག་སློབ་ཁྲིད།

 

ཤེས་རིག་ལས་ཁུང་གི་དྲ་གནས་དང་ཤེས་རིག་ལས་ཁུང་འོག་གི་སཾ་བྷོ་ཊའི་དྲ་ཚིགས་ཁག་གི་ནང་དེང་དུས་དང་མཚམས་པའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་བཟང་པོ་ཞིག་འགྲོ་བཞིན་ཡོད་པ་དེ་ནི་ཤིན་ཏུ་བསྔགས་བརྗོད་འོས་པ་དང་ཁ་ཐོར་དུ་གནས་ཡོད་པའི་བོད་མི་དང་། བོད་ཡིག་བོད་སྐད་བཀོལ་སྤྱོད་བྱེད་མཁན་ཡོངས་ལ་བོད་ཡིག་སྦྱོང་རྒྱུར་མཐུད་རྐྱེན་ལེགས་ཤོས་ཤིག་བསྐྲུན་པ་དང་གཉིས་སུ་མ་མཆིས།

འདིར་གཤམ་དུ་གུས་པས་ཤེས་རིག་ལས་ཁུངས་སམ་སཾམ་བྷོ་ཊས་སྐད་ཡིག་སློབ་ཁྲིད་ཀྱི་གློག་བརྙན་ཡོད་དོ་ཅོག་འཚོལ་བསྡུ་དང་། དྲ་གྲོགས་དང་དོ་སྣང་ཡོད་མཁན་ཚོར་དྲ་ཐོག་སློབ་ཚན་དེ་དག་ངོ་སྤྲོད་དང་གོ་རིམ་ལེགས་པོ་ཞིག་གི་སྒྲིག་སྟེ་བལྟ་ཉན་བདེ་པོ་ཡོང་རྒྱུར་བཟོ་ཁུལ་ལགས།

བོད་ཡིག་སློབ་འཁྲོད་གོམ་པ་དང་པོ།


སློབ་ཁྲིད་འདིའི་ནང་བོད་ཡིག་ཐོག་མ་སྦྱོང་ཆེད་དང་། སློབ་ཁྲིད་ལིའུ་ ༣༢ ཡོད། དེ་དག་ནི།   ངོ་སྤྲོད།         ༡།  ཀ་མད་སུམ་ཅུ། ༢།  ཀ་ཁ་ག་ང་།  ༣།  ཅ་ཆ་ཇ་ཉ། ༤།  ཏ་ཐ་ད་ན།     ༥།  པ་ཕ་བ་མ། ༦།  ཙ་ཚ་ཛ་ཝ།     ༧།  ཞ་ཟ་འ་ཡ། ༨།  ར་ལ་ཤ་ས།     ༩།  ཧ་ཨ། ༡༠། ཡ་བཏགས།    ༡༡། ར་བཏགས། ༡༢། ལ་བཏགས།    ༡༣། ཝ་ཟུར། ༡༤། ར་མགོ །      ༡༥། ལ་མགོ ། ༡༦། ས་མགོ །      ༡༧། དབྱངས་བཞི། ༡༨། རྗེས་འཇུག །   ༡༩། སྔོན་འཇུག ། ༢༠། ཡང་འཇུག །   ༢༡། རེས་གཟའ་བདུན། ༢༢། ཁ་དོག་སྐོར།   ༢༣། ལྡོག་ཕྱོགས། ༢༤། ནམ་དུས་བཞི།  ༢༥། གྲངས་དང་ཨང་ཀི། ༢༦། བདག་ཡོད་སེམས་ཅན།   ༢༧། བདག་མེད་སེམས་ཅན། ༢༨། ཤིང་འབྲས་རིགས།  ༢༩། ཚལ་གྱི་རིགས། ༣༠། ཐབ་ཆས་སྐོར། ༣༡། སློབ་གྲྭའི་སྐོར། ༣༢། ནང་ཆས་སྐོར།

བོད་ཀྱི་སྐད་ཡིག་གོམ་པ་གཉིས་པ།


སློབ་ཁྲིད་འདིའི་ནང་བོད་ཡིག་ཚིག་སྒྲུབ་ཐུང་ཐུང་སྤྱད་དེ་གོ་དོན་ལོན་ཐབས་དང། ཡི་གི་ཀློག་འབྲི། ངོ་ཤེས་ཐབས་བཅས་སྤྱད་ཡོད། སློབ་ཚན་འདིའི་ནང་ལིའུ་ ༡༠ ཡོད། སློབ་ཚན་ནི། ཚིག་སྒྲུབ། ཆུའི་སྐོར། ཞལ་ལག གཡས་དང་གཡོན། ལྡོག་ཕྱོགས། གུས་ཞབས། ཞེ་ས། འབྱེད་སྡུད་སོགས་ཀྱི་སྐོར་ཡིན།

སྒྲུང་དེབ།


དེ་ནི་སྒྲུང་དེབ་ཀློག་སྟེ་སློབ་མ་ཆུང་ཆུང་ལ་སྒྲུང་བཤད་པའི་ལེ་ཚན་ལེའུ་བདུན་ཡོད་པ་ཞིག་རེད། སྒྲུང་དེབ་དེ་དག་སློབ་ཁྲིད་ཀྱི་གློག་བརྙན་རེ་རེའི་གཤམ་འོག་ཏུ་ཕབ་ལེན་དུ་འཇོག་ཡོད། བོད་ཡིག་ཐོག་མར་སྦྱོང་མཁན་ཚོར་སྒྲུང་ཐུང་ཐུང་དེ་འདྲ་བཤད་པ་དང་ཀློག་ཐབས་བྱེད་སྟངས་ཞིག་ཏུ་མཐོང་། ཕ་མ་ཚོས་རང་གི་བུ་ཕྲུག་ཆུང་ཆུང་ཚོར་བོད་ཡིག་སློབ་ཐབས་འདི་ཚོད་ལྟ་བྱེད་རིན་ཡོད་པ་ཞིག་འདུག

འཛིན་རིམ་གཉིས་པ།


སཾ་བྷོ་ཊའི་འཛིན་རིམ་གཉིས་པའི་སློབ་དེབ་ལ་གཞི་བཟུང་ནས་ཁྲིད་པའི་སློབ་ཁྲིད་ལིའུ་ ༡༦ ཡོད་པ་ཞིག་ཡིན།

འཛིན་རིམ་གསུམ་པ།


སཾ་བྷོ་ཊའི་འཛིན་རིམ་གསུམ་པའི་སློབ་དེབ་ལ་གཞི་བཟུང་ནས་ཁྲིད་པའི་སློབ་ཁྲིད་ལིའུ་ ༡༩ ཡོད་པ་ཞིག་ཡིན།

འཛིན་རིམ་བཞི་པ།


སཾ་བྷོ་ཊའི་འཛིན་རིམ་བཞི་པའི་སློབ་དེབ་ལ་གཞི་བཟུང་ནས་ཁྲིད་པའི་སློབ་ཁྲིད་ལིའུ་ ༢༥ ཡོད་པ་ཞིག་ཡིན།

འཛིན་རིམ་ལྔ་པ།


སཾ་བྷོ་ཊའི་འཛིན་རིམ་ལྔ་པའི་སློབ་དེབ་ལ་གཞི་བཟུང་ནས་ཁྲིད་པའི་སློབ་ཁྲིད་ལིའུ་ ༢༤ ཡོད་པ་ཞིག་ཡིན།

ལེགས་བཤད་ལྗོན་དབང་།


འཛིན་རིམ་བར་མའི་ཆེད་དུ་ལེགས་བཤད་ལྗོན་དབང་གི་རྩ་ཚིག་དང་། ཕྲད་ཀྱི་འགྲོ་སྟངས་ཆ་ཚང་ཡོད་པའི་སློབ་ཁྲིད་ལིའུ་ ༢༢ ཡོད་པ་ཞིག་ཡིན།སློབ་ཁྲིད་བྱེད་སྟངས་ཧ་ཅང་ཁ་གསལ་པོ་དང་། གནད་དུ་འཕེགས་པ་སློབ་ཁྲིད་རེ་རེ་ལ་དུས་ཡུན་སྐར་མ་ལྔ་དང་བཅུ་ཡི་དབར་ལ་ཡིན་པས། སུམ་ཅུ་པའི་ཕྲད་ཀྱི་འགྲོ་སྟངས་རྣམས་སེམས་ལ་འཇུག་བདེ་བ་འདུག

རྟགས་འཇུག


རྟགས་འཇུག་གི་སློབ་ཁྲིད་ལིའུ་གོང་མ་བཞི་མ་གཏོགས་དེའི་ལྷག་མ་རྣམས་ད་ལྟ་ཡུ་ཊུབ་དང་དྲ་ཚིགས་གང་དུའང་མ་རྙེད། ངའི་བསམ་པར་སློབ་ཁྲིད་རྣམས་བཟོ་སྒྲིག་སྒྲུབ་མཚམས་གང་མགྱོགས་དྲ་ཐོག་ཏུ་སྤེལ་ངེས་རེད། ང་ཚོས་ཁོང་རྣམ་པའི་སློབ་ཁྲིད་འདི་འདྲ་མང་ནས་མང་དུ་སྤེལ་ཐུབ་པ་དང། ཉམས་མྱོང་རིམ་གསོག་ཐོག་གློག་བརྙན་གྱི་སྤུས་ཚད་གོང་མཐོར་འགྲོ་བའི་བཀྲིས་སྨོན་འདུན་ཞུ།།

ཁོང་རྣམ་པའི་སློབ་ཁྲིད་ཀྱི་ལས་དོན་དེ་དག་ལ་གཟིགས་མཁན་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལམ་ནས་དེང་དུས་དང་མཐུན་པའི་གློག་བརྙན་སྣ་མང་ཞིག་བཟོ་བསྐྲུན་བྱེད་པའི་ཐབས་ཤེས་གནང་གལ་ཆེ་བ་ཡང་མཐོང་། དཔེར་ན་དེང་ཤེས་རིག་རྒྱ་མཚོའི་ཁུངས་སུ། བོད་སྐད་ལམ་ནས། རི་མོ་བྲིས་སྟངས། ཞལ་ལག་བཟོ་སྟངས། རྩེད་མོའི་སྐོར། གཏམ་བརྗོད། ཡུལ་སྐོར་གནས་བཤད། རྒྱལ་རབས་ངོ་སྤྲོད། ཅ་དངོས་བཟོ་སྟངས། ཨང་རྩིས་བརྒྱག་སྟངས། ཚན་རིག་སློབ་ཁྲིད། ནང་ཆོས་ངོ་སྤྲོད། སྐྲ་དང་མཛོས་བཟོ། ཁ་པར་དང་གློག་ཆས། རོལ་དབྱངས་དཀྲོལ་སྟངས། ཤོག་བུ་འདྲ་མིན་བཟོ་སྟངས། ཁང་པ་མཛེས་བཟོ་སོགས་ཅི་རིགས་བོད་སྐད་ལམ་ནས་ཡུ་ཊུབ་བཟོ་རྒྱུའི་ས་ཆ་སྟོང་པ་མང་པོ་ལྷག་ཡོད་པ་མཐོང་ཐུབ།

རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་གི་བོད་པའི་སྣང་བརྙན།

 
གློག་བརྙན་ཐར་ལོ་ཟེར་བའི་ནང་འཁྲབ་ཁྲིད་པ་སྐུ་ཞབས་པདྨ་ཚེ་བརྟན་དང་། སྟོན་མོ་འཁྲབ་མཁན་བུ་མོ་གཡང་སྐྱིད་མཚོ་གཉིས་ལ་དམིགས་བསལ་གྱི་བཅར་འདྲི། འཛམ་གླིང་གློག་བརྙན་དུས་ཆེན་རྩེ་གྲ་གསུམ་ལས་ཝེ་ནི་ཟི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་གི་བོད་པའི་སྣང་བརྙན། ༼ཐར་ལོ།༽

པདྨ་ཚེ་བརྟན་གྱི་གློག་བརྙན༼ཐར་ལོ ༽ཝེ་ནཱ་སི་ནས་ཐོག་མའི་གཟིགས་འབུལ་ཞུས་འདུག ཟླ་ ༩ པའི་ཚེས་ ༤ ཉིན་གྱི་ཝེ་ནཱ་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་༼ཐར་ལོ༽ ཞེས་བ་གཟིགས་འབུལ་ཞུས་བ་དང་ཚོགས་འདུའི་སྟེང་ཐེངས་འདིའི་གློག་བརྙན་གྱི་སྐྱེས་མ་གཙོ་འཁྲབ་པ་བོད་ཀྱི་གཡང་ཕྱུག་འཚོས་ཕ་སྐད་ཀྱི་གདངས་དབྱངས་ལ་བཀུག་པའི་གཞས་ཆུང་སྙན་མོ་ཞིག་ཡུལ་དངོས་གསར་འགོད་པ་དག་གི་རེ་བ་ལྟར་ཕུལ་བ་ལ་ཚང་མས་དགའ་བསུ་ཐོབ་འདུག





3D པར་རྒྱག་འཕྲུལ་འཁོར།

 

3D པར་སྐྲུན་ཟེར་ན་གང་རེད།

3D པར་སྐྲུན་ནི་གློག་ཀླད་ནང་འབུར་བཟོའི་བཟོ་དབྱིབས་ཇུས་འགོད་བྱས་བཞག་པ་དེ་ལག་པ་འཆང་རྒྱུ་ཡོད་པའི་ 3D འམ་འབུར་དངོས་གཅིག་ཏུ་པར་སྐྲུན་བྱེད་སྟངས་ཞིག་ཡིན།  3D པར་རྒྱག་འཕྲུལ་འཁོར་ནི་བཟོ་ཚོང་ཁང་ཆེན་པོ་དེ་དག་ལ་ཐོན་ཟོག་གམ་འཕྲུལ་ཆས་གསར་པ་རྣམས་ཐོན་བསྐྱེད་མ་བྱས་པའི་སྔ་རོལ་དུ་དངོས་ཟོག་གི་མ་དཔེ་བཟོ་ཐུབ་པ་དང། ཁྱིམ་ཚང་ཞིག་ལ་ 3D པར་རྒྱག་འཕྲུལ་འཁོར་ཞིག་ཡོད་འགྱུར་ན། ཁྱིམ་ཚང་དེས་རྒྱུན་མཁོའི་ཅ་དངོས་མང་པོ་ཞིག་ཁྲོམ་ནས་ཉོ་རྒྱུའི་ཚབ་ཏུ་ནང་ལ་བསྡད་ནས་བཟོ་རྒྱུ་ཡོད་པ་ཆགས། དཔེར་ན། སྙིགས་སྣོད་དང། སྡེར་མ། རྐུབ་བསྐྱགས། འགྱིག་ལྷམ། ཁ་པར་ཕྱི་ཤུབས། གཅུས་གཟེར། དེ་བཞིན་ཁྲོམ་ནས་ཉོ་རྒྱུ་མེད་པའི་རང་ཉིད་ཀྱི་ཇུས་འགོད་བྱེད་པའི་ཅ་དངོས་རིགས་བཟོ་སྐྲུན་བྱེད་ཐུབ།

3D པར་སྐྲུན་རྣམ་གྲངས་དང་བཟོ་སྟངས།

3D དངོས་པོ་ཞིག་པར་སྐྲུན་ཐུབ་པར་ཐབས་ཚུལ་མི་འདྲ་བ་གཉིས་ཡོད། དབྱིན་ཡིག་ཐོག་ནས་ Additive Method (བསྣོན་ཐབས་) དང་ Subtractive Method(འཐེན་ཐབས་) གཉིས་ཡིན། རྫས་དངོས་ཕྲ་མོ་རིམ་པ་མང་པོ་ཞིག་གཅིག་ཐོག་གཅིག་བརྩེགས་པའམ་ཚོགས་ཏེ་ཅ་དངོས་(object) པར་སྐྲུན་བྱས་པ་ལ་སྣོན་ཐབས་དང་། དེའི་ལྡོག་ཕྱོགས་དངོས་པོ་རྡོག་རྡོག་གཅིག་ལ་གྲི་དང་སོག་ལེ་བརྒྱག་ཏེ་འདོད་མོས་ཀྱི་བཟོ་དབྱིམས་སྒྲུབ་ཐུབ་པ་ལ་འཐེན་ཐབས་བཅས་གཉིས་ཡོད། པར་སྐྲུན་འཕྲུལ་འཁོར་ནང་བཏང་བའི་རྫས་ཆ་དེ་ནི་འགྱིགས་དང། ཤེལ་དང། ཧ་ཡང་། ལྕགས་སོགས་ཅི་རིགས་ཀྱིས་བྱས་མཆོག

དེང་གི་ཆར་སྣོན་ཐབས་ (Additive Method) དེ་སྟབས་བདེ་བ་དང་མཁོ་རྒྱུགས་ཆེ་བ་ཡོད། སྣོན་ཐབས་ཀྱི་པར་སྐྲུན་བྱེད་སྟངས་ལ་ཡང་རིགས་མི་འདྲ་བ་མང་པོ་བྱུང་ཡོད། དེར་བརྟེན་ཕྱི་ལོ་ 2010 ལོར་ཨ་རིའི་རྫས་དཔྱད་ལྷན་ཚོགས་ཀྱི་སྣོན་ཐབས་བཟོ་སྐྲུན་གྱི་ཚད་གཞི་རིགས་བདུན་ལ་བཀའ་འཁྲོལ་གཏན་ལ་འཕབས་ཡོད། དེ་དག་ནི།
  1. Vat Photopolymerisation དང་
  2. Material Jetting
  3. Binder Jetting
  4. Material Extrusion
  5. Powder Bed Fusion
  6. Sheet Lamination
  7. Directed Energy Deposition བཅས་ཡིན།
དེ་དག་ལས་ཕལ་ཆེ་བས་རྫས་བཙིར་ཐོན་ (Material Extrusion) ཞེས་པ་དེ་སྤྱད་དེ་ 3D པར་སྐྲུན་བྱེད་ཀྱི་ཡོད། འཕྲུལ་ཆས་འདིས་འགྱིག་སྐུད་དམ་ལྕགས་སྐུད་བཞུས་རྗེས་གཤེར་ཁུའི་རྣམ་པར་འགྱུར་བ་དང་། དེ་རྗེས་སྦུ་གུ་ཆུང་ཆུང་ཞིག་གི་རྩེ་མོ་ནས་གཏོང་གི་ཡོད། སྦུ་གུའི་རྩེ་མོས་གཤེར་ཁུ་དེ་བཀག་གཏོང་བྱེད་གིན་བྱེད་གིན་ཕར་རྒྱུགས་ཚུར་རྒྱུགས་བྱས་ཏེ་འབུར་དངོས་ཀྱི་ཆ་ཤས་ཡོངས་རྫོགས་སྒྲུབ་ཀྱི་ཡོད། གཤམ་གི་དཔར་འདི་ལ་གཟིགས།


3D འབུར་བཟོ་དེའི་ཇུས་འགོད་ཆ་ཚང་གློག་ཀླད་ནང་བྱེད་དགོས་པ་དང་། 3D པར་སྐྲུན་འཕྲུལ་འཁོར་དེའི་ཆེད་དམིགས་བཀར་གྱི་མཉེན་ཆས་དམིགས་བསལ་རེ་སྤྱོད་རྒྱུ་ཡོད། གལ་ཏེ་ཇུས་འགོད་རྩ་བ་ནས་མི་ཤེས་པའི་དབང་དུ་བཏང་ན། དྲ་ཐོག་ནས་ 3D གི་ཅ་དངོས་འདྲ་མིན་གྱི་ཇུས་འགོད་ཡིག་ཆ་ཕབ་ལེན་བྱེད་རྒྱུ་ཡོད། ཡིག་ཆ་དེ་རིགས་ཕབ་ལེན་བྱེད་སའི་དྲ་ཚིགས་ལེགས་ཤོས་གཅིག་ནི། www.thingiverse.com ཡིན། དྲ་ཚིགས་འདི་ནས་ཅ་དངོས་ཀྱི་ཡིག་ཆ་སྟོང་ཕྲག་གསུམ་ལས་ལྷག་པ་རིན་མེད་དུ་ཕབ་ལེན་བྱེད་རྒྱུ་ཡོད། དཔེར་ན། འགྱིག་ཕོར་ཞིག་གི་དཔེ་རིས་ཡིག་ཆ་དྲ་ཐོག་ནས་མར་ལེན། དེ་རྗེས་དེ་པར་སྐྲུན་གྱི་བཀའ་བརྡ་ནས་ Print ཐོག་གནོན་པ་དང་། 3D པར་རྒྱག་འཕྲུལ་འཁོར་གྱིས་འགྱིག་ཕོར་བཟོ་འགོ་བཙུགས་་པ་ལྟ་བུ།

3D པར་རྒྱག་འཕྲུལ་འཁོར་གྱི་བེད་སྤྱོད།

3D པར་རྒྱག་འཕྲུུལ་འཁོར་གྱི་བེད་སྤྱོད་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡིན་ལ་དྲངས་ཡང་མི་ཚར། འོན་ཀྱང་ཆེ་ས་ནས་བེད་སྤྱོད་སྐོར་ཁ་ཤས་ཤིག་ཞུ་ན། ཁང་བཀོད་དང་རླུང་འཁོར་གསར་བཟོའི་ཆེད་བཟོ་རིག་གི་ཐོག་མའི་མ་དཔེ་བཟོ་བ། གློག་བརྙན་འཁྲབ་སྟོན་ཆེད་ཡུལ་ལྗོངས་དང་རྟོགས་བཟོའི་སེམས་ཅན་གྱི་མ་དཔེ། གནའ་ཤུལ་ཁང་པ་དང་། སྐུ་འདྲ། དངོས་ཆས་ལ་བསྐྱར་གསོ། མེ་ཤུགས་འཕུར་བརྡ་དང་མཁའ་གྲུ་བཟོ་བཀོད་ལ་ཚད་དཔྱད་བྱེད་པར་ཧ་ཅང་བེད་སྤྱོད་ཆེན་པོ་ཡོད། ད་དུང་སྨན་དཔྱད་རིག་པའི་ནང་ 3D པར་རྒྱག་འཕྲུལ་འཁོར་སྤྱད་དེ་མིའི་ལུས་འཕུང་གི་ཆ་ཤས་དཔེར་ན། སྣ་དང་རྣ་ཆོག།རྐང་ལག ནང་ཁྲོལ་གྱི་ཁལ་མ་སོགས་བཟོས་ཏེ་བེད་སྤྱོད་ཡོང་གི་ཡོད། དེ་བས་ཧ་ལས་དགོས་པ་ནི་ DNA སོགས་བཟོ་ཐུབ་རྒྱུའི་སྐོར་མང་པོ་འདུག

སྔར་ 3D པར་སྐྲུན་འཕྲུལ་འཁོར་བཟོ་གྲྭ་ཆེན་པོ་དང་ཆད་ལས་ཁང་དེ་འདྲ་ལས་མེད། དེར་བརྟེན་སྤྱིར་བཏང་གི་མི་ཞིག་གིས་རག་ཐབས་འབྲལ། འོན་ཀྱང་ད་ཆ་ལོ་ཁ་ཤས་ནང་ 3D པར་སྐྲུན་འཕྲུལ་འཁོར་ཆེ་ཆུང་མི་འདྲ་འགའ་ཤས་ཁྲོམ་རྭའི་ནང་མི་མང་གི་རྒྱུན་སྤྱོད་ཆེད་དུ་ཚོང་རྒྱུ་ཡོད་འདུག ། 3D པར་སྐྲུན་འཕྲུལ་འཁོར་གཅིག་ལ་གོང་ཚད་ལ་ཨ་སྒོར་ $2,200/- (རྒྱ་གར་སྒོར་ Rs. 150,000 ) རེད། ཉོ་ཐུབ་མཁན་ཚོས་ཉོས་ཏེ་སོ་སོའི་ནང་ནས་ཅ་དངོས་འདྲ་མིན་ཚོད་ལྟ་དང་བཟོ་སྒྲིག་བྱེད་བཞིན་ཡོད་པ་གཤམ་གྱི་དཔར་དེ་དག་ལས་ཤེས་ཐུབ།

གཅིག་བྱས་ན་ 3D པར་སྐྲུན་འཕྲུལ་འཁོར་དེ་ད་ལྟ་གོང་ཆེན་པོར་སྣང་སྲིད་ཀྱང་མ་འོངས་ད་དུང་གོང་ཆུང་དུ་འགྲོ་ངེས་རེད། ལོ་མང་པོ་ཞིག་གི་སྔོན་ལ་ཡིག་ཆ་དཔར་རྒྱག་འཕྲུལ་འཁོར་ (Printer) ཞིག་ལ་མི་ཚོས་ཨ་སྒོར་ $2,000 ཙམ་སྤྲད་དེ་ཉོས་མྱོང་། འོན་ཀྱང་ད་ལྟ་ཡིག་ཆ་དཔར་རྒྱག་འཕྲུལ་འཁོར་ཞིག་ཨ་སྒོར་ $50/- (རྒྱ་གར་སྒོར་གསུམ་སྟོང་) ནང་རག་གི་མིན་འདུག་གམ། ཏན་ཏན་ལོ་གྲངས་ཁ་ཤས་རྗེས་ 3D པར་རྒྱག་འཕྲུལ་འཁོར་དེ་ཡང་མི་ཚང་མས་ཉོ་ཐུབ་རྒྱུ་ཡོད་པའི་དུས་ཤིག་ཤར་ངེས།

གཤམ་འདིར་ཡུ་ཊུབ་ཀྱི་གློག་བརྙན་ནང་ 3D པར་རྒྱག་འཕྲུལ་འཁོར་སྐོར་ཧ་ཅང་ཡག་པོ་སྟོན་འདུག ཕོ་གསར་ཞིག་གིས་མེ་མདའ་དངོས་གནས་ཞིག་ཀྱང་བཟོས་པའི་སྐོར་འཁོད་འདུག གཟིགས་པར་འཚལ།


3D པར་རྒྱག་འཕྲུལ་འཁོར་གྱིས་བཟོས་པའི་དངོས་ཆས་འགའི་དཔེ་མཚོན།

3D པར་རྒྱག་འཕྲུལ་འཁོར་ནས་བཟོས་པའི་འགྱིག་ལྷམ་དང་རྩེད་ཆས་འདྲ་མིན། འགྱིག་ལྷམ་འདི་ཆར་དུས་ལ་ཧ་ཅང་ཕན་ཐོག་ཡོང་ས་རེད། ཧ་ཧ་་་

རྒྱུན་མཁོའི་འཕྲུལ་འཁོར་ཆ་ལག་རྣམས་བཟོ་ཐུབ་པ་དང། བེད་སྤྱོད་གཏོང་ཐུབ།

སྨན་ཁང་གྱིས་སྤྲད་པའི་རྐང་པ་རྫུས་མ་ལས། རྐང་པ་མེད་མཁན་ཞིག་སོ་སོས་ཇུས་འགོད་བྱས་པའི་འགྱིག་རྐང་མི་འདྲ་བ་ཞིག

3D པར་རྒྱག་འཔྲུལ་འཁོར་གྱིས་བཟོས་པའི་རྒྱལ་ཕྲན་ཞིག་གི་དཔེ། གློག་བརྙན་བཟོ་སྒྲིག་ཆེད་བེད་སྤྱོད་ཐུབ།

ཕྲུ་གུའི་རྩེད་ཆས་སམ། ནང་ལ་སྒྲིག་རྒྱུའི་ཅ་དངོས་སྙིང་རྗེ་པོ།

ཚོད་ལྟའི་ཐོག་མི་ཞིག་གིས་ 3D པར་རྒྱག་འཕྲུལ་འཁོར་སྤྱད་དེ་རྐང་འཁོར་དཔེ་གསར་ཞིག་བཟོས་པ།

ཁང་པའི་ཇུས་འགོད་པས་ 3D པར་རྒྱག་འཕྲུལ་འཁོར་སྤྱད་དེ་ཁང་པ་ཐོག་བརྩེགས་ཅན་ཞིག་གི་མ་དཔེ་བཟོས།

གལ་ཏེ་ཁྱེད་ལ་ 3D པར་རྒྱག་འཕྲུལ་འཁོར་ཞིག་ཡོད་ན། ཁྱེད་ཀྱིས་དང་ཤོས་ཅི་ཞིག་བཟོ་འདོད་འདུག་གམ། བསམ་ཚུལ་གཤམ་གྱི་མཆན་བཀོད་སའི་ནང་བཀོད་པར་ཞུ།

རྩིས་འཁོར་མྱུར་མཐེབ་ཕབ་གཞོང་རྩ་ཚིག་བློ་ལྡན་དགྱེས་བའི་རོལ་མཚོ། གསར་མ།

 

གཤམ་དུ་བཀོད་པའི་མྱུར་མཐེབ་ཀྱི་རྩ་ཚིག་འདི་བོད་ཡིག་བརྡ་འཕྲིན་དྲ་བ་ནས་དྲངས། འོན་ཀྱང་མྱུར་མཐེབ་ཀྱི་རྩ་ཚིག་ནང་ཡོད་པའི་མཐེབ་གཞུང་ Ctrl དང་ ALT, Shift སོགས་དེ་མིན་དབྱིན་ཡིག་དེ་དག་གི་སྒྲ་གདངས་ཏག་ཏག་མེད་པས་བཟོ་བཅོས་དང་། མྱུར་མཐེབ་ནོར་བ་རྣམས་ལ་ནོར་བཅོས། QQ གི་མྱུར་མཐེབ་མེད་པ་བཟོས། དེའི་ཚབ་ཏུ་སྐར་ཁུང་གི་མྱུར་མཐེབ་ཡོངས་གྲགས་ཁག་གསར་གནོན་བྱས་ཏེ་སྤེལ་བ་ཡིན།


གནའ་བཟང་དེང་སྤྱོད་ཆ་འཕྲིན་དུས་རབས་འདིར།།
བདག་བློའི་ནུས་ཚོད་ཟོས་ཀྱིས་འཇུ་ཚོད་ཞིག།
ལ་དོན་ཕྲད་ཀྱི་ན་ལའི་འཇུག་ཚུལ་ལྟར།།
མྱུར་མཐེབ་ཕབ་གཞོང་རྩ་ཚིག་འདིར་བཤད་བྱ།། [ ན་ལའི་འཇུག་པ་དང་མྱུར་མཐེབ་སྐོར་གྱི་དཔྱད་རྩོམ་ཞིག་འདུག འདིར་གཟིགས། ]

ན་དང་ལ་ཡི་འཇུག་ཚུལ་ཅི་མང་བཞིན།།
ཀཱན་ཁྲཽལ་དང་ནི་ཨལ་ཊི་ཤཱིབ་ཊི་སོགས། ། CTRL, ALT, SHIFT
ཕབ་གཞོང་ངོས་ཀྱི་གསལ་བྱེད་རེ་རེ་ལ།།
སྦྱར་བའི་མྱུར་མཐེབ་རྣམ་གྲངས་མང་དུ་མཆིས།།

ཀཱན་ཁྲཽལ་སིས་སྦྱར་པར་སློག་ཀཱན་ཁྲཽལ་ལ།། CTRL+C
ཨེ་ཁ་སེ་སྦྱར་དྲས་གཏུབ་ཀཱན་ཁྲཽལ་ལ།། CTRL+X
ཝིས་སྦྱར་སྒྲ་གཟིགས་བརྙན་སོགས་སྦྱོར་བ་དང་།། CTRL+V
ཀཱན་ཁྲཽལ་ཨཱེས་སྦྱར་ཡོངས་འདེམས་ཞེས་བྱ་འོ།། CTRL+A

ཀཱན་ཁྲཽལ་ཛིས་སྦྱར་ཕྱིར་ལོག་ཀཱན་ཁྲཽལ་ལ།། CTRL+Z
ཨེ་སེ་སྦྱར་ན་ཉར་ཚགས་ཀཱན་ཁྲཽལ་ལ།། CTRL+S
ཝ་ཡེ་སྦྱར་བས་ཉམས་པ་སོར་ཆུད་གནས།། CTRL+Y
ཀཱན་ཁྲཽལ་ཨེ་ཧྥུའུ་སྦྱར་ན་འཚོལ་ཞིབ་ཉིད།། CTRL+F

ཀཱན་ཁྲཽལ་ཌ་བུ་ལཱུ་སྦྱར་སྒོ་གཏན་པ།། CTRL+W
ཀཱན་ཁྲཽལ་སྟོང་མཐེབ་སྦྱར་བས་རྒྱ་དབྱིན་གྱི།། CTRL+ [Spacebar]
ནང་འཇུག་བརྗེ་སྤོར་མྱུར་སྟོན་ཀཱན་ཁྲཽལ་ལ།།
ཨཱེ་ཧྥོའུ་ལྔ་སྦྱར་བཙན་སྐུད་གསར་སྐྲུན་ནོ།། CTRL+F5

ཀཱན་ཁྲཽལ་ཨལ་ཁྲི་ཌི་ལིཌ་སྦྱར་བ་ཡིས།། CTRL+ALT+DEL
ལས་འགན་དོ་དམ་གནས་ཏེ་ཀཱན་ཁྲཽལ་ལ།། CTRL+O
ཨཱོ་དང་སྦྱར་བས་ཁ་འབྱེད་ཀཱན་ཁྲཽལ་ལ།།
ཨན་དང་ལེགས་སྦྱར་གསར་སྐྲུན་གནས་སུ་འདོད།། CTRL+N

ཀཱན་ཁྲཽལ་སྦི་དང་ཨཱ་ཡི་ཡཱུ་སོགས་སྦྱོར།། CTRL+ B,  CTRL+I,  CTRL+U
ཡིག་གཟུགས་སྦོམ་གསེག་ཞབས་ཐིག་ལ་སོགས་བཅས།།
རེ་རེ་ཉིད་ནས་ལེགས་མཚོན་ཀཱན་ཁྲཽལ་ལ།།
ཨཱེ་སི་ཁེབ་སྦྱར་འགོ་འཛུགས་འདེམས་བྱང་ངོ་།། CTRL+ESC

ཀཱན་ཁྲཽལ་ཨལ་ཊི་གཉིས་དང་ཕྱོགས་སྟོན་སྦྱོར།།
ཅོག་ངོས་་གནམ་ས་བརྗེ་འདྲ་ཀཱན་ཁྲཽལ་ལ་།། CTRL+ALT+(↑←↓→)
པེཇ་ཨབ་དང་པེཇ་ཌོང་གཉིས་རེས་གནོན་དང་།། CTRL+( PgUp/PgDn )
ཤོག་ངོས་ཐོག་མཐའི་བར་ལ་ཧོབ་མཆོག་འཐེབ།།

ཝིན་ཌོ་ཁེར་གནོན་སྐར་ཁུང་འདེམས་བྱང་སྟོན། Win
ཨཱི་དང་ཨེ་ཁ་སི་ཨཱེལ་སྦྱར་བ་ན།།
ཡིག་འཚོལ་སྒྲོམ་དང་ཙི་ཙི་གཡས་རྡེབ་དང།།
སྐར་ཁུང་ཟྭ་སྒོ་རྒྱག་ཏུ་བཅུག་པ་འོ།། Win+E , Win+X, Win+L

འཇུག་ཡུལ་རྣམ་གྲངས་མོད་པོའི་ཀཱན་ཁྲཽལ་ལ།། CTRL+End
ཨཱེན་ཌི་དང་ནི་ཧཱོ་མོའུ་སྦྱར་དང་ལྷན།། CTRL+Home
འོད་རྟགས་མྱུར་དུ་ཡི་གེའི་མགོ་འཇུག་ལ།།
ལྡིང་སྟེ་རྩོམ་སྒྲིག་བྱེད་པར་ཤིན་ཏུ་བདེ།།

ཨལ་ཊི་ཀྲེབ་སྦུ་སྦྱོར་དང་བརྗེ་བའི་སར།། ALT+TAB
ཨལ་ཊི་ཨཱེ་ཧྥོའུ་བཞི་ལ་སྦྱར་བའི་གཞིར།། ALT+F4
བྱ་རིམ་སྒོ་རྒྱག་ཤཱིབ་ཊི་དེ་ལ་ཡང་།།
ཀྲེབ་སྦུ་སྦྱར་བས་ལྡོག་ཕྱོགས་བརྗེ་བ་འོ།། SHIFT+TAB

ཀཱན་ཁྲཽལ་ཤཱིབ་ཊི་དང་སྦྱར་མཐེབ་གཞོང་དེ།། CTRL+SHIFT
བོད་དབྱིན་བརྗེ་འགྱུར་ཡིག་བཏགས་འདི་ནི་སྤྲོ།
ཨལ་ཊི་པཱི་རིན་ཊ་དང་པཱི་རིན་ཊ་ཁོ་ན་ནི།། ALT+PrtScn, PrtScn
མིག་སྔའི་སྒེའུ་ཁུང་ཅོག་ངོས་དཔར་དུ་འདེབས།།

ཤཱིབ་ཊི་དེ་དང་སྦྱར་བས་ཌི་ལིཌ་ནི།། SHIFT+DELETE
རྩོམ་སྒྲིག་སྣ་ཚོགས་གཏན་དུ་བསུབ་པ་སྟེ།།
རྩིས་འཁོར་སློབ་ལ་དགྱེས་བའི་བློ་ལྡན་པ།།
ལས་འགན་འདི་ཡི་ཕྱོགས་ལ་ཐུགས་སེམས་མཛོད།།

གུ་གུལ་གྱི་རྣམ་པ་གསར་འགྱུར།

 

དེ་རིང་ཕྱི་ལོ་ 2015 ཟླ་ 9 ཚེས་ 1 ཉིན་གྱི་སྔ་དྲོར་གུ་གུལ་གཞུང་ཕྱོགས་དྲ་བས་གུ་གུལ་གྱི་བསྒྱུར་བཅོས་གསར་པ་ཞིག་སྐོར་གསར་འགྱུར་སྤེལ་ཡོད། གུ་གུལ་ཚང་གིས་ད་བར་ལོ་གྲངས་བཅུ་བདུན་ལྷག་གི་རིང་ Gmail དང་ Google Drive, Google Site, Google Wave, Google Plus, Blogger, Inbox, Google Map, Google Reader, Hangout, Orkut, Google Calendar སོགས་ཞབས་ཞུ་སྣ་མང་སྤེལ་ཡོད་པ་དང། འགའ་ཤས་ཚོད་ལྟའི་རྒྱུད་གཏན་དུ་སྒོ་རྒྱག་ཡོད། ཡོད་བཞིན་པའི་ཞབས་ཞུ་དེ་དག་གི་ནང་དུ་བཟོ་བཀོད་ཐད་ལ་རིམ་པ་མང་པོའི་ལེགས་བཅོས་གོང་མཐོར་བཏང་གཏོང་བཞིན་ཡོད།

ད་རེས་ཀྱི་འགྱུར་བཅོས་ཀྱི་གསལ་བསྒྲགས་ནི། གུ་གུལ་ཚང་གི་གུ་གུལ་ལས་རྟགས་སྐོར་གཙོ་བོ་བཀོད་འདུག །དེ་སྔ་གུ་གུལ་ཚང་གི་ལས་རྟགས་ནི་དབྱིན་ཡིག་ཐོག་ GOOGLE ཟེར་བ་ཡིག་འབྲུ་དྲུག་དང་ཡིག་འབྲུ་རེ་རེ་ལ་སྔོན་དམར་སེར་ལྗང་གི་ཚོན་གཞིས་མཚོན་པར་བྱས་ཀྱི་ཡོད། དེ་ནི་དང་ཐོག་དྲ་རྒྱའི་ཞབས་ཞུ་ཕལ་ཆེ་བ་གློག་ཀླད་ཐོག་བྱེད་ཀྱི་ཡོད་པར་བརྟེན་དེ་ལྟར་འཇོག་པ་ཞིག་ཡིན། འོན་ཀྱང་ད་ཆ་མི་རྣམས་ཀྱིས་གློག་ཀླད་མ་ཡིན་པའི་གློག་ཆས་ཆེ་ཆུང་རིགས་འདྲ་མིན་རྒྱུད་དྲ་ཐོག་ཏུ་བཞུགས་ཀྱི་ཡོད་པར་བརྟེན། གློག་ཆས་འདྲ་མིན་ལ་རན་པའི་གུ་གུལ་གཞུང་འབྲེལ་ལས་རྟགས་དེ་ཡང་འགྱུར་བཅོས་གཏོང་དགོས་ངེས་ཤིག་ཆགས། དེར་བརྟེན་དེ་རིང་ནས་བཟུང་གུ་གུལ་ཚང་གི་ལས་རྟགས་ནི་དབྱིན་ཡིག་གི་ཡིག་འབྲུ་ G གཅིག་གི་འགྲིག་པ་དང། ཡིག་འབྲུ་གཅིག་དེའི་ཐོག་གུ་གུལ་གྱི་གཏན་འབེབ་ཚོན་མདོག་སྔོན་དམར་སེར་ལྗང་བཞི་ཡོད་པ་ཞིག་ཡིན། དེ་བཞིན་གུ་གུལ་གཞུང་ཕྱོགས་དྲ་བའི་འོག་ཏུ་ཡོད་པའི་ཞབས་ཞུ་རྣམས་ཀྱི་ནང་ཚོན་མདོག་དེ་བཞི་སྙིང་རྗེ་པོའི་ངང་ལག་བསྟར་བྱེད་སྒོ་བཙུགས་ཡོད།


གུ་གུལ་ཚང་གིས་དུས་ནས་དུས་སུ་འགྱུར་བཅོས་དང་གསར་སྤེལ་གྱི་ལས་གཞི་དེ་དག་ལ་ཉུང་ཤས་ཤིག་ལ་གསུན་སྣང་ཡོང་སྲིད་ཀྱང་། མང་པོ་ཞིག་ལ་འཚར་སྣང་དང་། མ་འོང་གི་ཞབས་ཞུ་ཕུལ་བྱུང་རིགས་ཡོང་རྒྱུར་ངང་སྒུག་གམ་རེ་འདོད་སོགས་ཡོང་གི་ཡོད། གང་ལྟར་གུ་གུལ་གྱི་ལོ་མང་གི་བྱ་བཞག་ལ་ཚང་མས་ཡིད་ཆེས་ཡོད་པ་དང་། ཁོང་ཚོའི་ད་ལྟའི་འགྱུར་བཅོས་དང་མ་འོངས་ལ་འགྱུར་བ་ཅི་གཏོང་ལ་སྔོན་ཚུད་ནས་དང་ལེན་ཐུབ་པ་ཞིག་ཆགས་ཡོད་སེམས།

ལོ་གྲངས་ 25 ནང་སྐར་ཁུང་གི་འཕེལ་རིམ། [2]

 

སྔོན་གྱི་ཆེད་རྩོམ་ནང་ང་ཚོས་ཕྲ་མཉེན་ཚང་གི་བཟོ་པའི་གདོད་མའི་ MS-DOS ཅན་གྱི་སྐར་ཁུང་ཐོན་རིམ་དང་པོ་ནས་ཕྱི་ལོ་ 1998 ལོར་བཟོས་པའི་ Window 98 བར་གྱི་ལོ་རྒྱུས་ཐུང་ཐུང་བྱས་ནས་ངོ་སྤྲོད་བྱས་ཡོད། གཤམ་ལ་ང་ཚོས་སྐར་ཁུང་གི་ཆེས་ལེགས་གྲས་སུ་ཚུད་པའི་སྐར་ཁུང་གི་ཐོན་རིམ་རྣམས་ལ་བལྟ།

Windows 2000 (2000)

སྐར་ཁུང་འདི་ནི་ windowNT ཁོངས་སུ་གཏོགས་པ་དང་། སྐར་ཁུང་ 98 གི་དྲ་འབྲེལ་མཐུན་རྐྱེན་དེ་བསྡུས་ཡོད། རྒྱུད་ཁུང་མ་ལག་འདི་སྤྱིའི་ཆ་ནས་གཏན་པོ་ཡོད་ཁར་ཁེར་ཚུགས་གློག་ཀླད་(workstation) དང་ཞབས་ཞུའི་གློག་ཀླད་(server computer) གཉིས་ཀ་བྱས་ཆོག ཕྱི་ཕྱོགས་ཀྱི་མཉེན་ཆས་རིགས་བླུགས་པའི་སྐབས་གློག་ཀླད་བསྐྱར་སློང་ (reboot) བྱེད་མི་དགོས་པར་སྒྲིག་འཇུག་སྟབས་བདེ་ཡོང་ཐུབ་པ་བྱས་ཡོད།

Windows ME (2000)

MS-DOS གི་ཕྱི་དབུགས་མཐའ་མ་ལྷག་པ་དེ་ནི་སྐར་ཁུང་ 2000 དེ་ཆགས་ཡོད། ཕྲ་མཉེན་ཚང་གིས་གློག་ཀླད་སྤྱོད་མཁན་ཚོར་སྟབས་བདེའི་ཆ་མང་པོ་ཞིག་གསར་སྐྲུན་དང་སྨྱན་མང་ (multimedia) གི་མཐུད་སྒོ་འཛོམ་པོ་ཡོང་ཁུལ་བྱས་པ་ཡིན་ཡང་སྐར་ཁུང་གི་རྒྱུད་ཁུང་མ་ལག་གསར་པ་དེ་གཏན་པོ་རྩ་བ་ནས་མེད་པ་དང། དང་པོའི་འཆར་གཞི་ལྟར་ལེགས་སྒྲུབ་བྱུང་མེད་པར་བརྟེན། མི་མང་དང་དཔྱད་ཞིབ་པའི་སྐྱོན་བརྗོད་དྲག་པོ་འཕོག་པ་རེད།

Windows XP (2001)

རྒྱུད་རིམ་དང་དུས་ཡུན་རིང་པོ་གཅིག་གི་རྗེས་ལ། ཕྲ་མཉེན་ཚང་གི་སྤོབས་པ་སྐྱེ་འོས་པའི་གློག་ཀླད་ཀྱི་རྒྱུད་ཁུང་མ་ལག་སྐར་ཁུང་ XP དེ་སླེབས་པ་རེད། སྐར་ཁུང་ XP གི་ཅོག་ངོས་དང་སྒེའུ་ཁུང་གི་རྣམ་པ་གསར་པ་དང་སྙིང་རྗེ་པོ་བྱུང་ཡོད། གཙོ་ཆེ་ཤོས་ནི་རྒྱུད་ཁུང་མ་ལག་དེ་གཏན་པོ་དང་ཡིག་ཆ་བརྐུ་ཤོར་གྱི་ཉེན་སྲུང་ལ་འགན་ལེན་བྱེད་ཐུབ་པ། མ་ཟད་དེ་སྔའི་སྐར་ཁུང་རྙིང་པ་དང་འབྲེལ་མཐུད་ཆ་ཚང་ཐུབ་པ་བཅས་བྱུང་ཡོད། སྐར་ཁུང་ XP ནི་ཕྲ་མཉེན་ཚང་གི་གྲུབ་འབྲས་བཟང་ཤོས་སུ་ཐོབ་པའི་རྒྱུད་ཁུང་མ་ལག་དེ་ཆགས་ཡོད།
འདི་ལོ་ 2015 དེ་ཁོ་ནའི་ནང་ཉམས་ཞིབ་བྱས་པར་ལྟར་ན་ད་ལྟ་ཡང་སྐར་ཁུང་ XP སྤྱོད་མཁན་ཁྲོམ་རྭའི་མ་རྐང་བརྒྱ་ཆ་ 15.26% ཟིན་གྱི་ཡོད་པ་དང། སྐར་ཁུང་ Vista དང་སྐར་ཁུང་ 8, སྐར་ཁུང་ 8.1 ཀུ་ཤུའི MacOS X 10.10, MacOS X 10.9, Linux སྤྱོད་མཁན་ལས་མང་བ་འདུག

Windows Server 2003 (2003)

NT རྒྱུད་ཁུང་མ་ལག་ལྟེ་བའི་སྟེང་ XP གི་རྣམ་པ་སྤྲས་པའི་སྐར་ཁུང་ Server 2003 དེ་སྒྲུབ་ཡོད། སྤྱིར་ Server ཟེར་བ་ནི་གློག་ཀླད་གཞན་མང་པོ་ཞིག་གི་ཡིག་གསོག་དང་ཕབ་ལེན་བྱེད་སའི་གློག་ཀླད་ཨ་མ་ཞིག་ལ་གོ་དགོས་པ་དང་། གློག་ཀླད་ཨ་མ་དེ་སྤྱིར་བཏང་གི་གློག་ཀླད་ལས་ཤུགས་ཆེ་བ་དང་། གློག་ཀླད་གཞན་རྣམས་ལ་བཏང་འཛིན་ལེགས་པོ་བྱེད་ཐུབ་པའི་ནུས་པ་དམིགས་བསལ་ལྡན་ཡོད།

Windows Vista (2007)

ཕྱི་ལོ་ 2007 ལོར་ཀུ་ཤུ་ཚང་གིས་ Mac OS X ཟེར་བ་རྒྱུད་ཁུང་མ་ལག་སྤུས་ལེགས་ཞིག་འགྲེམས་ཚོང་ཚ་ཚ་འུར་འུར་བྱུང་བ་རེད། ཕྲ་མཉེན་ཚང་ཁོ་པས་བཟོས་པའི་སྐར་ཁུང་ XP དེར་བལྟ་སྐབས་ཧ་ཅང་རྗེས་ལུས་ཐེབས་པའི་སྣང་བ་ཞིག་འཆར། ཕྲ་མཉེན་ཚང་གི་ལས་མི་ཚོས་ལམ་སེང་ Mac OS X ལྟ་བུའི་ཅོག་ངོས་སྙིང་རྗེ་པོ་དེ་དག་ལ་དཔེ་ལེན་བྱས་ཏེ་ Window Vista དེ་ཁྲོམ་འགྲེམས་བྱས་པ་རེད། གློ་བུར་དུ་བཟོས་པའི་ Vista དེ་ཕྱི་ཚུལ་སྙིང་རྗེ་པོ་ཆགས་ཡོད་ཀྱང་། རྒྱུད་ཁུང་མ་ལག་ལྗིད་ཁོག་ཆེ་དྲག་པ་དང་། གློག་ཀླད་བེད་སྤྱོད་བྱེད་དུས་ཧ་ཅང་འགོར་པོ་ཡོད་པ་མ་ཟད། འདེམས་བྱང་གི་ལག་ཆ་རྣམས་སྡེ་ཚན་དབྱེ་གསེས་ལེགས་པོ་བྱུང་མེད། དེར་བརྟེན་མི་མང་གི་དགའ་མོས་ཐོབ་མེད།


Windows Server 2008 (2008)

སྐར་ཁུང་འདི་ནི་གློག་ཀླད་ཨ་མ (Server) འི་རྒྱུད་ཁུང་མ་ལག་སྟེང་ Vista ཁྱད་ཆོས་སྣོན། དེ་ནས་ Vista གི་མཛེས་རྒྱན་ལྗིད་ཁོག་ཅན་དེ་རྣམས་མར་འཐེན་བཞག་པ་ཞིག་ལ་བརྩིས་ན་འགྲིག དེ་ལྟར་བྱེད་དགོས་དོན་ནི་གཙོ་བོ་ཚོང་ལས་ཆེད་དུ་བཟོས་པའི་རྒྱུད་ཁུང་མ་ལག་ཞིག་ཡིན་ཕྱིར་དེའི་ནང་ཁྲ་ཁྲ་སིལ་སིལ་ཞེ་དྲག་འགྲོ་གི་མེད་པ་དེ་ལོ་མང་གི་ཉམས་མྱོང་ལས་རྟོགས་ཐུབ་པ་རེད།

Windows 7 (2009)

Vista གིས་ཞབས་འདྲེན་ཆེན་པོ་ཞུས་པར་བརྟེན་རྒྱུད་ཁུང་མ་ལག་གི་བཟོ་རྩལ་ལ་སྐྱོན་བརྗོད་དང་ཕྲ་མཉེན་ཚང་ལ་གྱོང་གུན་ཆེན་པོ་ཡོང་གཞི་ཞིག་ཆགས། དེར་བརྟེན་ Vista གི་རྗེས་འཇུག་སྐར་ཁུང་ 7 དེ་ལམ་སེང་འགྲེམས་སྤེལ་བྱས། དེའི་གྲུབ་འབྲས་ནི་ཧང་སང་དགོས་པ་ཞིག་ཆགས། སྐར་ཁུང་ 7 ལ་ཆེ་མཐོང་དང་དཔྱད་བརྗོད་ལེགས་པོ་ཐོབ། ཁྲོམ་རྭའི་ཤི་གསོན་གྱི་འགྲན་བརྩོད་མཚམས་སུ་འདས་ལོག་བྱུང་བ་རང་རེད།

Windows 8 (2012)

དེ་ནས་སྐར་ཁུང་ 8 སླེབས་པ་རེད། མ་སླེབས་གོང་ནས་འུར་སྒྲ་ཆེན་པོ་གྲགས། སླེབས་རྗེས་སྦོ་ལུག་པ་རེད། སྐར་ཁུང་མ་ལག་ 8 ནང་སྔོན་མའི་ Start གནོན་ས་དེ་ཅོག་ངོས་ཡོངས་སུ་བཀང་པ་དང་། དེའི་སྟེང་སོ་ཕག་བསྟར་བརྩེགས་བྱས་པའི་གྲུ་བཞི་རེ་རེའི་ནང་གསར་འགྱུར་དང། གནམ་ཤེས་སྔོན་བརྡ། དེ་མིན་གྱི་མཉེན་ཆས་རྣམས་བཀྲམས་ཡོད། ངེས་མཁོའི་སྒྲིག་བཀོད་སྡེ་ཚན་རྣམས་ལོགས་སུ་བསྐུངས་ནས། གློག་ཀླད་བེད་སྤྱོད་བྱེད་མཁན་ལ་མ་གོམས་པའམ་མ་བདེ་བའི་་སྣང་བ་བསྟེར་གྱི་ཡོད།

སྐར་ཁུང་བརྒྱད་པའི་ནང་སྤྱིའི་ཆ་ནས་ལེགས་བཅོས་མང་པོ་བཏང་ཡོད་ཀྱང་རྩིས་འཁོར་གྱི་དཔྱད་ཞིབ་དང་དཔྱད་བརྗོད་སྤེལ་མཁན་སྐད་གྲགས་ཡོད་པ་ PCWorld གི་གཞུང་ཕྱོགས་དྲ་བའི་སྟེང་ "སྐར་ཁུང་ 7 བེད་སྤྱོད་གནང་མཁན་ཚོས་སྐར་ཁུང་ 7 རང་ལ་བསྡད་ན་སྐྱིད་པ་ཡོད་" ཟེར་བཀོད་ཡོད།

Windows 8.1 (2014)

སྐར་ཁུང་ 8.1 ནི་སྐར་ཁུང་བརྒྱད་པའི་སྟེང་ནོར་བཅོས་བྱས་པའི་ཐོན་རིམ་ལྟ་བུ་ཞིག་ཡིན། སྐར་ཁུང་ 8.1 ནང་སྐར་ཁུང་གི་ Start Menu གདོང་གཞི་ཆ་ཚང་བཀང་བ་དེ་རྒྱུད་ནས་འགྲོ་མི་དགོས་པར་ཐད་ཀར་སྐར་ཁུང་གི་ཅོག་ངོས་ཐོག་མཆོང་ཆོག །དེའི་སྟེང་སྐར་ཁུང་ 8.1 བེད་སྤྱོད་གཏོང་སྟངས་ཀྱི་བརྙན་ཟློས་གསལ་པོ་བཟོས་ཡོད། བརྙན་ཟློས་དེའི་ལམ་ནས་སྐར་ཁུང་ 8.1 གི་འགྱུར་ལྡོག་ཆེན་པོ་འཐེབ་པ་དེར་གོམས་འདྲིས་ཡོང་ཐབས་བྱས།

Windows 10 (2015)

སྐར་ཁུང་བཅུ་པས་དེ་སྔའི་ Start སྡེ་ཚན་དེ་འགོ་ནས་ལེགས་བཅོས་བྱས་ཏེ་སྐར་ཁུང་བདུན་པ་དང་བརྒྱད་པ་ལས་ལེགས་པ་བྱུང་ཡོད། ཕྲ་མཉེན་ཚང་གིས་སྐར་ཁུང་བཅུ་པར་ཕུགས་མདུན་ཆེ་པོ་བཟུང་བ་དང་མཉམ་དུ་ཁ་ཡོད་ལག་ཡོད་ཀྱི་མཐུད་སྒོ་ཡང་པོར་བཏང་ཡོད། སྔར་དང་མི་འདྲ་བའི་འགྱུར་བ་ཆེ་ཤོས་བཏང་བ་ནི། སྐར་ཁུང་བཅུ་པ་འདི་ནི་རྒྱུད་ཁུང་མ་ལག་གི་ཐོན་རིམ་མཐའ་མ་ཡིན་པ་དང། མ་འོངས་སྐར་ཁུང་ 11 ཟེར་བ་དེ་འདྲ་མེད། འོན་ཀྱང་སྐར་ཁུང་བཅུ་པའི་ནང་མཐུད་སྒོ་ཇི་རྒྱས་དང་། དྲ་ཐོག་གི་ཉེན་སྲུང་ཐུབ་པའི་ཟུར་གནོན་ནམ་མ་ལག་དེ་གའི་ཐོག་ཆེད་མཁོའི་གསར་སྒྱུར་ (update) རྣམས་དུས་ཐོག་འཛུལ་ཐུབ་པ་བྱས། དེ་བཞིན་སྐར་ཁུང་བཅུ་པ་ནི་གློག་ཀླད་གཅིག་པོའི་ཆེད་དུ་མ་ཡིན་པར་དེང་དུས་ཀྱི་གློག་ཆས་དང་ཁ་པར་ཅི་རིགས་ཀྱི་མ་ལག་གྲས་སུ་བཀོལ་སྤྱོད་ཐུབ་པ། སྒེར་གྱི་ཡིག་ཆ་དང་ལས་འཆར་ལས་ཀ་རྣམས་སྐར་ཁུང་བཅུ་པ་ཡོད་པའི་གློག་ཀླད་དང་ཁ་པར་ཚང་མའི་ངོས་ནས་བསྔོག་ཐུབ་པའི་གཅིག་འགྱུར་གྱི་བཏང་འཛིན་ཐུབ་པ་སོགས་དེ་དེ་མིན་གྱི་ཁྱད་ཆོས་མང་དག་ཞིག་ཚུད་ཡོད། སྐར་ཁུང་བདུན་པ་དང་བརྒྱད་ཡོད་པའི་གློག་ཀླད་རྣམས་སྐར་ཁུང་བཅུ་པའི་ཐོག་རིན་མེད་རིམ་སྤར་ (upgrade) བྱས་ཆོག