Telegram [ ཊེལ་འཕྲིན། ]


ཉེ་དུས་གུ་གུལ་རྒྱུད་ཊེལ་འཕྲིན་ནམ་དབྱིན་ཡིག་ཐོག་ Telegram ཟེར་བའི་ཁ་པར་དང་གློག་ཀླད་ནང་སྤྱོད་རྒྱུ་ཡོད་པའི་འཕྲིན་ཐུང་སྒྲིག་མཉེན་ཞིག་རྙེད་བྱུང་། ཊེལ་འཕྲིན་ཟེར་བའི་མཉེན་ཆས་དེ་ད་ལྟ་ང་ཚོས་སྤྱོད་བཞིན་པའི་འཕྲིན་ཕྲན་དང་ whatsapp དང་འདྲ་པོ་ཡོད། འོན་ཀྱང་འཕྲིན་ཕྲན་དང་ whatsapp གཉིས་ལ་མེད་པའི་དམིགས་བསལ་ཁྱད་ཆོས་མང་དག་ཞིག་ལྡན་ཡོད་པར་བརྟེན་འདིར་ངོ་སྤྲོད་ཅིག་བྱེད་འདོད་བྱུང་།

མཉེན་ཆས་འདི་ནི་ཕྱི་ལོ་ 2013 ལོར་ Nikolai དང་ Pavel Durov ཟེར་བའི་བུ་སྤུན་གཉིས་ཀྱིས་མཉམ་ལས་ཐོག་གྲུབ་པའི་འཕྲིན་ཐུང་ཞབས་ཞུ་མཉེན་ཆས་ཞིག་ཡིན། Pavel གྱིས་འགྲོ་སོང་ཐབས་ཤེས་དང་མཉེན་ཆས་དེའི་སྤྱིའི་ཇུས་འགོད་ཐད་འཆར་སྒོ་འདོན་རོགས་དང་། Nikolai གྱིས་སྒྲིག་ཡིག་ཐད་བཀོད་དང་། མཉེན་ཆས་བཟོ་སྒྲིག འཕྲིན་ཐུང་བདེ་འཇག་དང་། འཕྲུལ་ཆས་ཡོད་དོ་ཅོག་གི་ནང་བེད་སྤྱོད་ཡོང་ཐུབ་པ་བཟོས་པ་ཞིག་ཡིན། བུ་སྤུན་དེ་གཉིས་ཨུ་རུ་སུར་འཁྲུངས་པ་དང་། དེ་སྔོན་གཟེངས་སུ་ཐོན་པའི་ལས་འཆར་གཞན་མང་པོ་སྤེལ་མྱོང་བ་ཞིག་ཡིན། མཉེན་ཆས་འདི་ནི་ཇར་མན་གྱི་རྒྱལ་ས་བྷར་ལེན་དུ་གཏན་གཞི་བྱས་ཡོད་པ་ལས་ཨུ་རུ་སུ་ལ་བཞག་མེད། ཊེལ་འཕྲིན་ཕྱི་ལོ་ 2015 ལོར་མཉེན་ཆས་དེ་སྤྱོད་མཁན་དྲ་མི་ 64,000,000 ཟིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་བརྒྱད་པའི་སྙན་ཐོའི་ཐོག་ Telegram སྤྱད་དེ་ཉིན་རེར་འཕྲིན་ཐུང་ 10,000,000,000 ལྷག་དྲ་མི་ཕན་ཚུན་བར་གཏོང་རེས་བྱེད་ཀྱི་ཡོད་པ་གསལ་ཡོད།

མི་ཚོས་མཉེན་ཆས་འདིར་དེ་ལྟར་དགའ་མོས་ཡོང་གཞི་གཙོ་བོ་ནི་འཕྲིན་ཐུང་གི་རྒྱུད་ཁུངས་ལ་བདེ་འཇགས་ལ་འགན་ལེན་ཡོད་པ་དང་། དམིགས་བསལ་དེའི་ཐོག་གི་གསང་གཏམ་ (Secret Chat) ཟེར་བའི་མཐུན་རྐྱེན་དེ་ལ་བརྟེན་ནས་ཡིན་འདུག

འདི་ཇི་ལྟར་བེད་སྤྱོད་བྱེད་དགོས་? ཁྱེད་རང་འཕྲིན་ཕྲན་དང་ whatsapp སྤྱད་མྱོང་ན་ཊེལ་འཕྲིན་ཡང་བེད་སྤྱོད་བྱེད་སྟངས་གཅིག་པ་འདྲ་པོ་རེད། མ་ཟད་མཉེན་ཆས་འདི་ནི་རིན་མེད་དུ་ཕབ་ལེན་བྱེད་ཆོག་པ་དང་། མཉེན་ཆས་དེའི་ཐོག་དགོས་མེད་ཀྱི་ཁྱབ་བསྒྲགས་རིགས་རྩ་བ་ནས་སྲེ་མེད། དེབ་སྐྱེལ་བྱེད་དུས་སོ་སོའི་ཁ་པར་ཨང་བཀོད་དགོས་པ་དང་དེ་རྗེས་གསང་ཨང་བཅུག་དགོས།

མཉེན་ཆས་དེའི་བེད་སྤྱོད་ནི་བཤད་མི་དགོས། འཕྲིན་ཕྲན་དང་ whatsapp ནང་ལྟར་འཕྲིན་ཐུང་དང་དཔར་བསྐུར་ཐུབ་པ་ཞིག་རེད། འོན་ཀྱང་འདིར་ Telegram གི་དམིགས་བསལ་མཐུན་རྐྱེན་ཁག་གསལ་སྟོན་བྱེད་ན་གཤམ་གསལ།
  • ཡིག་ཆ་སྣ་ཚོགས་གཏོང་ཐུབ་པ། དཔེར་ན། བརྙན་ཐུང་། གཞས། word, excel, ppt, psd, pdf, epub, .exe, zip, .rar
  • ཡིག་ཆ་བསྐུར་བའི་སྐབས་དུས་གཅིག་ལ་ཡིག་ཆའི་ལྗིད་ཚད་ 1.5GB ཙམ་གཏོང་ཆོག་གི་འདུག weTransfer དང་ DropBox ལས་སྟབས་བདེ་བ་འདུག །འོན་ཀྱང་གཙོ་བོ་དྲ་རྒྱའི་མཐུན་རྐྱེན་ལེགས་པོ་ཡོད་དགོས་ངེས།
  • Secret Chat ནི་མི་གཉིས་ཕན་ཚུན་བར་འཕྲིན་ཡིག་གཏོང་རེས་དང་། འཕྲིན་ཐུང་དང་ཡིག་ཆ་བལྟ་ཀློག་ཚར་བ་དང་ཤུལ་མེད་དུ་འགྲོ་གི་ཡོད། གཅིག་བྱས་ན་དགའ་རོགས་གསར་རྙིང་མང་པོའི་བར་གྱི་སྙིང་གཏམ་དང་། རྐུན་མ་ཕན་ཚུན་མཚན་རྐུན་འཆར་གཞི་སྒྲིག་པའི་སྐབས་གསང་གཏམ་བཤད་སའི་ཟམ་པ་ལེགས་པོ་ཞིག་ཏུ་མཐོང་། ཧ་ཧ།
  • BOT ཟེར་བའི་མཐུན་རྐྱེན་དམིགས་བསལ་ཞིག་འདུག །འདི་ནི་སྒྲིག་ཡིག་ (command code) བཀོད་དེ་དགོས་མཁོའི་ལས་གཞི་འདྲ་མིན་སྒྲུབ་རྒྱུ་འདུག །དཔེར་ན། འགེངས་ཤོག་བཟོ་བ་དང་། དཔར་རིས་འཚོལ་བཅུག་པ་ལྟ་བུ། ང་ཡང་ད་ལྟ་ཞབས་ཞུ་དེ་ཚོད་ལྟ་དང་ཤེས་ཐབས་བྱེད་བཞིན་ཡོད།
  • འཕྲིན་ཕྲན་ནང་ཚོགས་པ་ (Group) བཟོ་རྒྱུ་ཡོད་པ་ནང་ལྟར་ཊེལ་འཕྲིན་ནང་མི་ཉིས་བརྒྱ་ཡི་ཚོགས་ཆུང་བཟོ་ཆོག
  • ཚོགས་ཆུང་ (Group) ནང་ཚོགས་མི་ཉིས་བརྒྱ་སྒང་ལ་སླེབས་ན་ཚོགས་མི་ཆིག་སྟོང་ཅན་གྱི་ཚོགས་ཆེན་ SuperGroup བཟོ་ཆོག
  • མཉེན་ཆས་འདི་ནང་ངའི་དགའ་ཤོས་ཀྱི་མཐུན་རྐྱེན་ནི་ Channel ཟེར་བ་དེ་ཡིན། Channel ཟེར་བ་དེ་ནི་འཕྲིན་ཕྲན་ནང་ཡོད་པའི་འཕྲིན་སྟེགས་ཞབས་ཞུ་དང་གཅིག་མཚུངས་རེད། ཁྱེད་ཀྱིས་སོ་སོའི་དོད་མོས་ཀྱི་འཕྲིན་སྟེགས་བཟོ་ཆོག་པ་དང་། འཕྲིན་སྟེགས་དེའི་རྒྱུད་སློབ་གསོ་དང་། ཤེས་ཡོན། རིག་གནས། གསར་འགྱུར་སོགས་ཅི་རིགས་སྤེལ་མཆོག་པ་ཞིག་ཡིན། ངའི་གློག་ཀླད་དང་ཁ་པར་ཤེས་བྱའི་འཕྲིན་སྟེགས་ཀྱང་འདིའི་ཐོག་བཟོས་ཡོད། ངའི་འཕྲིན་སྟེགས་ཐོག་རྗེས་འདེད་གནང་འདོད་ན་ telegram.me/sonamdawa ཐོག་གཟིགས་པར་ཞུ། ཁ་པར་ནང་མཉེན་ཆས་དེ་ཡོད་དགོས།
  • ཕན་ཚུན་བསྐུར་རེས་བྱེད་པའི་སྒྲ་བརྙན་དཔར་སོགས་མཉེན་ཆས་འདི་གའི་ནང་ཁ་ཕྱེ་ཐུབ་པ་མ་ཟད། དེ་མིན་གྱི་ soundcloud དང་ Vimeo , Youtube ལ་སོགས་པའི་དྲ་ཐག་བཀོད་པ་དེ་དག་ཀྱང་ཐད་ཀར་ལྟ་ཉན་བྱེད་ཐུབ།
  • དྲ་མྱུལ་མཉེན་ཆས་རྒྱུད་ Telegram སྤྱད་འདོད་ན། དྲ་ཚིགས་ཁ་བྱང་འདིར་ཕེབས། https://web.telegram.org
  • གློག་ཀླད་རྒྱུད་ཁུངས་མ་ལག་འདྲ་མིན་གྱི་ཆེད་ Telegram སྤྱོད་རྒྱུར་མཉེན་ཆས་དམིགས་བསལ་ཡོད་པ་དྲ་ཚིགས་ཁ་བྱང་འདི་ནས་ཕབ་ལེན་གནང་རྒྱུ་འདུག https://desktop.telegram.org/
  • གསར་འགྱུར་ཚན་པའི་ནང་སྤེལ་བའི་གནས་ཚུལ་དེ་དག་ཧ་ཅང་ཀློག་སྤྲོ་བ་ཞིག་ཏུ་སྣང་། ཁོམ་སྐབས་བྱུང་ན་ https://telegram.org/blog ཐོག་ཕེབས་དང་ Telegram དང་འབྲེལ་བའི་ཞབས་ཞུ་མང་དག་ཞིག་ཤེས་རྒྱུ་ཡང་འདུག
དྲ་མྱུལ་མཉེན་ཆས་རྒྱུད་ Telegram སྤྱོད་བཞིན་པ།

གློག་ཀླད་ཀྱི་མཉེན་ཆས་རྒྱུད་ Telegram སྤྱོད་བཞིན་པ།

ཕབ་ལེན་དྲ་གནས།
ཊེལ་འཕྲིན་ནི་ལག་འཕྲུལ་དང་གློག་ཀླད་མ་ལག་ཆ་ཚང་ཆེད་དུ་བཟོས་ཡོད། གཤམ་དེ་མ་ལག་སོ་སོའི་ཕབ་ལེན་དྲ་ཐག་བཀོད་ཡོད། གང་དགོས་སོ་སོས་འདེམས་རོགས།
ཨན་ཌོའི་ལག་འཕྲུལ་ཆེད། (for Android Deice) ཕབ་ལེན།
ཀུ་ཤུའི་ལག་འཕྲུལ་ཆེད། (for Apple handheld devices) ཕབ་ལེན།
གློག་ཀླད་རྒྱུད་ཁུངས་འདྲ་མིན་ཆེད། (For various computer OS) ཕབ་ལེན།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *