ལག་ཐོག་ཁ་པར་རུ་ཊིང་(rooting)བྱེད་སྟངས།


དྲ་གྲོགས་མང་པོས་བསྟུན་མར་ཁ་པར་རུ་ཊིང་བྱེད་སྟངས་སྐོར་སྐད་ཆ་ཡང་ཡང་དྲིས་ཀྱི་འདུག་པས། དེ་རིང་ཁ་པར་རུ་ཊིང་བྱེད་སྟངས་སྟབས་བདེ་དང་། ཁ་པར་ཚང་མའི་ནང་ལག་ལེན་བསྟར་ཐུབ་པ་ཞིག་འདིར་བཀོད་འདོད་བྱུང་། དེ་སྔ་<ཁ་པར་ཞིག་རུ་ཊིང་(rooting)བྱེད་ཟེར་ན་གང་རེད།>ཟེར་བའི་རྩོམ་ཡིག་ནང་རུ་ཊིང་སྐོར་རྒྱུད་མངའ་ལོན་ཆེད་དེའི་ཕན་ཐོག་སྐོར་བཤད་ཡོད་པ་ལས། རུ་ཊིང་བྱེད་སྟངས་དངོས་བཤད་མེད། དེའི་རྒྱུ་མཚན་ནི།
གཅིག་ནས་སྐབས་དེ་དུས་ཁ་པར་སོ་སོར་རུ་ཊིང་བྱས་སྟངས་མི་འདྲ་བ་ཡོད་པ་དང། གཉིས་ནས་མཉེན་ཆས་ཁ་ཤས་འགྲོ་མ་འགྲོ་བྱེད་ཀྱི་ཡོད་པས། གཅིག་འགྱུར་གྱི་ཐབས་ལམ་ལེགས་པོ་ཞིག་མེད། གསུམ་ནས་རུ་ཊིང་བྱེད་དུས་ཁ་པར་དང་མཉེན་ཆས་ཀྱི་ཆ་རྐྱེན་དང་སྒྲིག་སྲོལ་ཁག་ལ་སྣང་འཇོག་མ་བྱེད་པར་རོབ་ཚོད་ཀྱིས་རུ་ཊིང་བྱས་ན་ཁ་པར་ལ་སྐྱོན་འགྲོ་སྲིད། དེར་བརྟེན་སྐབས་དེ་དུས་རུ་ཊིང་ཟེར་བའི་ངོ་སྤྲོད་རྩོམ་ཡིག་ཞིག་ལས་སྤེལ་མེད།

རུ་ཊིང་བྱེད་པའི་བེད་སྤྱོད་རྒྱ་ཆེ་ཡིན་ཡང་། བོད་པ་ཚང་གིས་རུ་ཊིང་བྱེད་སྟངས་ལ་དོ་སྣང་ཡོང་གཞིག་གཙོ་བོ་ནི། ལག་ཐོག་ཁ་པར་ནང་བོད་ཡིག་ལེགས་པོ་སྒྲིག་འཇུག་ཐུབ་པའི་ཆེད་དུ་དམིགས་པ་ཞིག་ཡིན། འདིར་བསྐྱར་དུ་ཞུ་འདོད་ཞིག་བྱུང་བ་ནི། ད་ཆ་ཨན་ཌོ་མ་ལག་ 6.0 སླེབས་ཡོད་པ་དང། སོ་སོའི་ལག་ཐོག་ཁ་པར་ལས་ཨན་ཌོ་དྲུག་པའི་ཐོག་རིམ་སྤར་བྱེད་ཐུབ་ན། བོད་ཡིག་ཡོང་ཡོང་པ་རེད། དེ་གཅིག་སྔོན་ལ་གཟིགས། དེ་མིན་ཡང་རུ་ཊིང་བྱེད་མི་དགོས་པར་བོད་ཡིག་ཡོང་ཐུབ་ཐབས་སུ་ iFont མཉེན་ཆས་སྤྱད་དེ་ཁ་པར་ནང་བོད་ཡིག་བཅུག་ཐུབ་མིན་གཟིགས་རྒྱུ་ཡང་གལ་ཆེ་སྙམ། དེ་གཉིས་ཀ་མི་ཡོང་ན་གཤམ་གྱི་ཐབས་ཇུས་དེས་བོད་ཡིག་ཡོང་ཐབས་ཞིག་དང་། རུ་ཊིང་བྱེད་པའི་དགོས་པ་ཆགས་སྲིད།

ད་ཆ་ཁ་པར་ཀུན་ལ་རུ་ཏིང་བྱེད་ཆེད་མཉེན་ཆས་སྤུས་ལེགས་མང་པོ་བྱུང་བ་དང་། དྲ་གྲོགས་མང་པའི་བསྐུལ་མ་མུ་མཐུད་ཡོང་བའི་དབང་གིས་གཤམ་འདིར་ལག་ཐོག་ཁ་པར་རུ་ཊིང་བྱེད་སྟངས་དངོས་སྟོན་གྱི་ཡིན།

KingRoot མཉེན་ཆས།

ངས་འདིར་བཀོལ་སྤྱོད་བྱེད་པའི་མཉེན་ཆས་གཙོ་བོ་ནི་ KingRoot ཟེར་བ་འདི་ཡིན། མཉེན་ཆས་དེ་སྤྱད་དགོས་དོན་ནི།
  • ཨན་ཌོའི་མ་ལག་ 2.0 ནས་ 5.0 བར་གྱི་ཁ་པར་ཀུན་ལ་འགྲོ་ཐུབ། ཨན་ཌོའི་མ་ལག་གསར་ཤོས་ 6.0 ནང་ཚོད་ལྟ་བྱེད་མེད། སྤྱིར་ཨན་ཌོའི་མ་ལག་དྲུག་པའི་ནང་བོད་ཡིག་རྒྱབ་བསྐྱོར་ཐོབ་ཡོད་པས། བོད་ཡིག་ཡོང་རྒྱུའི་ཁོ་ནའི་ཆེད་ཡིན་ན། མཉེན་ཆས་འདི་བཅུག་དགོས་པའི་དགོས་པ་མ་འཆིས་སེམས།
  • ལག་ཐོག་ཁ་པར་རིགས་མི་འདྲ་བ་ 103790 ཙམ་ལ་མཉེན་ཆས་དེས་རུ་ཊིང་བྱས་ཐུབ་པ།
  • རུ་ཊིང་བྱས་མ་ཐུབ་པའི་བརྒྱ་ཆ་ཧ་ཆང་ཉུང་བ།
  • མཉེན་ཆས་དེ་སྤྱད་དེ་ཁ་པར་འཕྲོག་བརླག་སོང་བའི་གནས་ཚུལ་དང་། སྙན་ཞུའི་རིགས་ད་བར་བྱུང་མེད།
  • གློག་ཀླད་དང་མཐུད་མི་དགོས་པར་ཁ་པར་རང་ངོས་སུ་རུ་ཊིང་བྱེད་ཐུབ།

རུ་ཊིང་(rooting)མ་བྱས་སྔོན་ཤེས་དགོས་པ།

  • ཁྱེད་ཀྱི་ཉོས་པའི་ཁ་པར་དེ་དག་ལ་ཁ་པར་བཟོ་ཚོང་ཁང་གིས་ལོ་གཉིས་གསུམ་འཕྲོག་བརླག་མི་འགྲོ་བའི་འགན་ལེན་ཡོད། གལ་ཏེ་ཁ་པར་རུ་ཊིང་བྱས་ན། བཟོ་ཚོང་ཁང་གིས་འགན་ལེན་མི་བྱེད།
  • རུ་ཊིང་བྱེད་པའི་ཐབས་ལམ་འདི་གཏན་ཤོས་ཤིག་དང་། ཁ་པར་འཕྲོག་བརླག་འགྲོ་གཞིའི་བརྒྱ་ཆ་ཉུང་ཤོས་ཡིན། འོན་ཀྱང་ཁྱེད་ནས་ཐབས་ལམ་འདི་སྤྱད་པའི་སྐབས་ཁ་པར་ལ་སྐྱོན་ཆགས་བྱུང་ན། གུས་པས་འགན་ལེན་མི་བྱེད། དེར་བརྟེན་སོ་སོས་བལྟ་རོགས།
  • རུ་ཊིང་བྱེད་དགོས་ན། ཁ་པར་གྱི་གློག་མེ་བརྒྱ་ཆ་ 90% ལྷག་ཡོད་དགོས།
  • དྲ་རྒྱའི་མཐུན་རྐྱེན་ཡོད་དགོས།
  • ཁ་པར་ནང་མཉེན་ཆས་གཞན་རྣམས་ཁ་བརྒྱག་དགོས།

རུ་ཊིང་བྱེད་སྟངས་དངོས།


  1. ཐོག་མར་ KingRoot ཟེར་བའི་མཉེན་ཆས་འདི་ཁ་པར་ནང་ཕབ་ལེན་སྒྲིག་འཇུག་བྱེད།
  2. གལ་ཏེ་སྒྲིག་འཇུག་བྱེད་མ་བཅུག་པར་ Install Block ཟེར་བའི་ཡི་གེ་ཤར་ན། Setting ནང་ཕྱིན་ནས་ Unknown Sources ཟེར་བ་དེ་གནོན་ཏེ་བསྐྱར་དུ་སྒྲིག་འཇུག་གནང་དགོས། (ཡང་ན་ Settings -> Security -> Device Administration -> Unknown Sources)
  3. སྒྲིག་བཅུག་ཟིན་རྗེས། དྲ་རྒྱའི་བརྡ་རྟགས་ (Data Connection)ཁ་ཕྱེ་བའམ་ཡང་ན་དྲ་རྒྱར་མཐུད།
  4. KingRoot མཉེན་ཆས་ཁ་ཕྱེ་སྟེ་ Try it ཟེར་བའི་ཐོག་ཐེངས་གཅིག་གནོན།
  5. སྐར་ཆ་ཁ་ཤས་རིང་མཉེན་ཆས་དེས་དྲ་བཤེར་བྱེད་ཞོར་ཁ་པར་རུ་ཊིང་བྱེད་འགོ་བཙུགས་སོང་བ་ཡིན། རུ་ཊིང་བྱེད་རྒྱུར་དུས་ཡུན་སྐར་མ་གཉིས་ནས་ལྔ་བར་འགོར་སྲིད། རུ་ཊིང་ལེགས་གྲུབ་བྱུང་བ་དང། "Congratualtions…You have succesfully rooted your device." ཟེར་ཤར་འོང་བ་ཡིན།
  6. ཁ་པར་ཡང་ཐེངས་གཅིག་ཤི་ནས་བསྐྱར་དུ་འབར་ངེས།
རུ་ཊིང་ཟིན་པ་དང་། དེ་ནས་ iFont ཟེར་བའི་མཉེན་ཆས་སྤྱད་དེ་བོད་ཡིག་ཡིག་གཟུགས་ཁ་པར་ནང་ཐད་ཀར་སྒྲིག་བཅུག་བྱས་ཐུབ་བོ།

མཉེན་ཆས་ཕབ་ལེན།

ཡིག་ཆ་ཆེ་ཆུང་། 9.45MB
Mega ནས་ཕབ་ལེན་གནང་།
ཡང་ན་ gDrive ནས་ཕབ་ལེན་གནང་།
ཡང་ན་ Baidu ནས་ཕབ་ལེན་གནང་།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག